གཏམ་དྲང་སྲོང་ལྡེམ་དགོངས་མ།

གཡུ།        2022-06-17

ཤིན་ཏུ་སྲབ་ཀྱང་ཕྱི་ནང་མི་མཐོང་པ།།

འཇའ་དང་གུར་ཁུང་མིན་ན་ཞེ་མི་ཚིམ།།

རླུང་དང་སེར་བུས་སྤུར་ཞིང་སེང་རས་གཡོ།།

སྤྲིན་དང་མེ་ལྕེ་མིན་ན་མཁོ་མི་སོད།།

ཆར་དང་མེ་ཏོག་འཁྱུད་པའི་སྐྱེད་ཚལ་གྱི།།

མིང་དང་ངོ་སོ་མེད་ན་དོན་མི་འགྲུབ།།

ཙག་དང་སད་ཀྱིས་གཙེས་ན་སེམས་གཅོང་བ།།

བཀྲེས་དང་སྐོམ་པས་མནར་ན་མདོག་འཆོར་བ།།

ན་དང་རྒུད་པས་གླགས་ན་ཡིད་སྨྲེང་བ།།

བདེ་བའི་དོན་དུ་སྡུལ་བསྔལ་མྱོང་དགོས་པས།།

འཛིན་པ་མེད་ན་ལུས་སེམས་གུ་རེ་ཡངས།།

བརྩེ་བའི་སླད་དུ་དྲན་གདུང་མྱོང་དགོས་པ།།

ཕན་ཚུན་སླད་དུ་དྲན་གདུང་ལྕི་དགོས་པ།།

འཛོམ་པའི་ཆེད་དུ་སྡུལ་བསྔལ་འཁུར་དགོས་པ།།

བྲལ་བའི་ཆེད་དུ་ན་ཟུག་ཚོར་དགོས་པ།།

གྱེས་པའི་དོན་དུ་ན་ཟུག་གླེང་དགོས་པ།།

རང་གཉིས་དོན་དུ་དམ་ཚིག་གཙང་དགོས་པས།།

ཚིག་རྐང་མནའ་ཡིས་གླན་ན་ཞེ་བདེ་བས།།

མི་ཤིགས་རྡོ་རྗེའི་མདུད་པ་ལྕགས་ལ་མདུད།།

མི་འགྱུར་གཡུང་དྲུང་རི་མོ་བྲག་ལ་རྐོ།།

དམ་བཅའ་མེད་ན་གཏན་ཚིགས་ཆུ་རིས་ཡིན།།

ཁྲེལ་གཞུང་མེད་ན་ཕྱི་ཐག་གློག་འགྲོས་ཡིན།།



  • ལེ་ཚན་སྔོན་མ།:སྙིང་གི་ཐིག་ལེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།