ངག་རིག་དབྱངས་ཀྱི་གླིང་བུ།

ཁམས་པ་རབ་དབྱངས།        2022-06-10

ཚིག་གི་གདུང་བའི་འཆར་སྒོ་ལ། །

ཤུགས་འབྱུང་ངག་རིག་ཅི་ཡང་སྟེར།།།

རབ་བྱེད་མཚོན་པའི་གཟུགས་འགྱུར་ལ། །

དེ་བཞིན་ཉིད་ཀྱི་གད་རྒྱངས་དཀྲོལ། །

དབྱངས་ཀྱི་ཤིང་རྟ་འགུལ་བའི་ཚེ། །

གདོང་གཞི་ལྷ་མོའི་པད་ཚལ་འདི།།

རླུང་བུ་ངོས་སུ་སིལ་སིལ་གཡོ།།

མ་བཅོས་འཕྲུལ་བའི་ཚིག་རྒྱན་ལ། །

རྨད་བྱུང་དབྱངས་ཀྱི་རྣམ་པར་བཅིངས།།

གང་སྣང་སྒྱུ་འཕྲུལ་སྣ་ཚོགས་ལ། །

འདུ་འབྲལ་ཚིག་གི་དྲ་བ་བརྩམས། །

གཟུགས་མེད་མཁའ་ཡི་རྒྱུ་ལམ་དུ། །

སེམས་ཉིད་རྣལ་ལ་གནས་པ་ན། །

ཞི་བའི་ཏིང་འཛིན་རྩེ་གཅིག་རོལ། །

མཆོག་དགའི་ལྷ་མོའི་འཕྲུལ་ཐབས་ལ། །

རྗེས་ཆགས་བརྩེ་བའི་རྣམ་པར་གཡོ། །

རྟེན་འབྱུང་ཉི་ཟླའི་བསིལ་སྒྲིབ་ངོགས། །

ཤུགས་འབྱུང་ངག་གི་འཆར་ཡན་འདི།།

ཀུན་རྟོག་སྣང་བའི་གསེབ་ཏུ་ལུས། །

དོན་དམ་གཤིས་ཀྱི་གླུ་ལ་ཐིམས། །

ཉམས་སྣང་ཚོར་ཤེས་ཀློང་དུ་བརྡོལ།།

ཞི་བའི་ནགས་ཚལ་ཉམས་དགའ་ནས། །

སྟོང་ཉིད་སྣང་བའི་ཉེར་བསྡོགས་འདི།།

མེ་ལོང་ངོས་ཀྱི་གཟུགས་བརྙན་བཞིན། །

མ་འདྲེས་དོན་གསལ་ལྷང་ངེར་གསལ། །

སེམས་ངོར་མཐོང་བའི་འཁྲུལ་བ་ཟད། །

ངག་རིག་དབྱངས་ཀྱི་དྲི་གཞོན་གྱིས། །

སྙན་ངག་གཟུགས་འགྱུར་ལྡེམ་ལྡེམ་གཡོ། །

གཟིགས་པ་དག་པའི་སྤྱན་རས་ངོས། །

མཐོང་སྣང་ཀུན་པོ་བདེན་པར་སྣང་།།

ཀུན་རྨོངས་དྲ་བས་བཅོམ་པའི་ཚེ། །

མི་བརྟན་ཉམས་དགའི་གླུ་དབྱངས་ལ། །

རྟེན་འབྲེལ་ལས་ཀྱི་འཆར་ཚུལ་རྙེད། །

རྣམ་འབྱོར་བདེ་བའི་ས་ལམ་ངོགས། །

རྣམ་གྲོལ་ཞི་བའི་མཛོད་ཕུག་བརྩལ། །

ཟབ་རྒྱས་མེ་ལོང་འཆར་ཚུལ་ནས། །

ཀུན་རྟོག་འཕྲོ་འདུ་རྒོད་པོ་འདི། །

རང་བྱུང་རྩལ་གྱི་ཉམ་ང་ནས།།

གཉུག་མའི་གཤིས་ཀྱི་གོ་རིམ་བརྩལ། །

སེམས་ངོར་འཕྲོད་པའི་སྣང་བ་འདི། །

དབྱངས་ཅན་ཟླ་བའི་ཞལ་ཐང་དུ། །

འཛུམ་པའི་ཚེམས་དཀར་སླར་ཡང་མངོན། །



  • ལེ་ཚན་སྔོན་མ།:ཁྱོད་རང་མཚོན་བྱེད་དུ་བྲིས་པ།
  • ལེ་ཚན་རྗེས་མ།:ལྷ་ཡི་འཕགས་པ།