ཀ་བཤད་གྱེས་ཁའི་གཏམ།

རྡོ་རྗེ་རྣམ་རྒྱལ།        2022-06-08

ཀ་ཡེ་གསོན་དང་སྙིང་གི་སློབ་གྲོགས་ཚོ།།

ཁ་གཡེང་མིག་གཡེང་བྱས་ནས་མ་འདུག་པར།།

ག་ལེར་བྱས་ནས་སྤྱི་ཚོགས་འགྲིམ་རན་སོང་།།

ང་ཚོས་མཉམ་དུ་ལྷད་མེད་ཕུགས་བསམ་འབད།།

ཅ་ཅོ་སྒྲོག་པའི་དེང་གི་སྤྱི་ཚོགས་འདི།།

ཆ་ལུགས་མ་བརྗེད་རང་གི་རེ་བ་ཡིན།།

ཇ་ཆང་རོལ་ནས་དུས་ཚོད་མ་བརླགས་པར།།

ཉ་གང་ཟླ་བ་བཞིན་དུ་ཡར་རྒྱས་བྱོས།།

ཏ་ལེ་ཀུན་ལས་རྒྱལ་བའི་སྒྲོན་མེ་ཞིག།།

ཐ་ཤལ་སྤྱོད་ལམ་མེད་པའི་མུན་སེལ་ཅན།།

ད་ལྟ་གངས་ཅན་ལྗོངས་ཀྱི་ཤེས་བྱའི་མགོན།།

ན་གཞོན་ང་ཚོའི་སེམས་ཀྱི་དེད་དཔོན་ཡིན།།

པ་ཏྲའི་རི་མོ་བསྣོལ་འདྲའི་དེང་རབས་འདིར།།

ཕ་མེས་བཞག་པའི་སྲོལ་རྒྱུན་རིག་གནས་དེ།།

བ་དན་དགུང་ལ་ཕྱར་འདྲའི་རྒྱུད་འཛིན་བྱོས།།

མ་འོངས་མདུན་ལམ་ཆེན་པོར་བསམ་དོན་འགྲུབ།།

ཙ་ག་ལ་ཡི་གཟའ་སྐར་འཕྲོད་སྦྱོར་ཉིན།།

ཚ་གདུང་དཀའ་ངལ་ཐམས་ཅད་ཁྱད་བསད་ཅིང་།།

ཛ་ལང་སྤྱོད་ངན་མེད་པའི་སློབ་གླིང་འདིར།།

ཝ་ལེར་མ་བགྲོས་འཛོམས་པ་རྟེན་འབྲེལ་ལེགས།།

ཞ་སྨྱུག་ལག་ལ་ཐོགས་ཤིང་འཁྱུད་མཁས་པ།།

ཟ་ཉལ་འགྲོ་འདུག་སྤྱོད་གུས་གཤིས་སུ་འཐིམས།།

འ་འུར་ཀི་ཅོ་རྒྱང་སྤྱུགས་བག་ཡོད་པའི།།

ཡ་ཆུང་སྙིང་གི་སློབ་གྲོགས་བརྩེ་བའི་རྒྱན།།

ར་བས་བསྐོར་བའི་གཞིས་ཁྱིམ་དྲོན་མོ་འདིར།།

ལ་རྒྱ་དམ་དུ་འཛིན་དགོས་རྡོ་རྗེ་མཆེད།།

ཤ་ཞེན་བྱམས་སེམས་ཅན་ལ་དྲིན་འཇལ་དགོས།།

ས་ཡ་དྲུག་གི་བོད་མིའི་སྤྱོད་བཟང་རྒྱན།།

ཧ་ཅང་མགོ་རྔ་མེད་ཀྱང་སེམས་ཀྱི་འཕྲིན།།

ཨ་བུའི་སྙིང་གི་སློབ་གྲོགས་ཁྱེད་ཚོར་འབུལ།།



  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཆེད་བསྒྲིགས་རྩོམ་ཡིག།
  • ལེ་ཚན་རྗེས་མ།:དེ་རིང་སྟེ་གྱེས་བྲལ་ཉིན་མོ།