མི་བཟོས་རུས་ཚིགས་ཀྱི་རིན་གོང་སྒོར་མོ་ཁྲི་ནས་སྒོར་མོ་སྟོང་ལ་ཆག་པའི་དུས་སུ་སླེབས་ཡོད།

སྐལ་ཐུབ་ཀྱིས་བྲིས།        2022-06-08

གསར་འགོད་པས་ཧྭ་ཞི་སྨན་ཁང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་སྤྱི་ཟླ4པའི་ཟླ་མཇུག་ནས་བཟུང་སྟེ། རྒྱལ་ཁབ་ཀྱི་མི་བཟོས་རུས་ཚིགས་གཅིག་བསྡུས་འབོར་ཆེན་ཉོ་སྒྲུབ་སྲིད་ཇུས་དེ་རང་རེའི་ཞིང་ཆེན་དུ་དོན་ཐོག་འཁྱོལ་བ་རེད། མི་བཟོས་རུས་ཚིགས་གཅིག་བསྡུས་འབོར་ཆེན་ཉོ་སྒྲུབ་ཀྱི་མཇུག་འབྲས་ལྟར་ན། མི་བཟོས་དཔྱི་ཚིགས་ཀྱི་ཆ་སྙོམས་རིན་གོང་དེ་སྔོན་གྱི་སྒོར་ཁྲི2ནས་སྒོར7000ཡས་མས་ལ་ཆག་ཡོད་པ་དང་། མི་བཟོས་པུས་ཚིགས་ཀྱི་ཆ་སྙོམས་རིན་གོང་སྒོར་ཁྲི2.7ནས་སྒོར3000ཡས་མས་ལ་ཆག་ཡོད་པ་རེད།

ཧྭ་ཞི་སྨན་ཁང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་སྨན་པས་སྤྱི་ཟླ4པའི་ཟླ་མཇུག་ལ་བུད་མེད་མན་ག་གེ་མོར་དཔྱི་ཚིགས་ཆ་ཚང་བརྗེས་པའི་གཤག་བཅོས་བྱས་ཏེ་མོའི་ལོ30རིང་གི་ན་ཟུག་སྡུག་བསྔལ་བསལ་བ་དང་། རེས་འདིའི་མི་བཟོས་རུས་ཚིགས་གཅིག་བསྡུས་འབོར་ཆེན་ཉོ་སྒྲུབ་སྲིད་ཇུས་ཀྱི་ཁེ་ཕན་རག་ཡོད་པས་སྨན་བཅོས་འགྲོ་སོང་སྒོར་ཁྲི2ལྷག་བསྲི་ཐུབ་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཁུལ་གྱི་ནད་པ་མང་པོར་དཔྱི་ཚིགས་དང་པུས་ཚིགས་ཀྱི་ནད་ཕོག་ནས་ན་སྡུག་ཆེ་ཞིང་། སྔར་ནས་རུས་ཚིགས་བརྗེ་དགོས་ཀྱང་སྨན་རིན་ཆེ་དྲགས་པས་བཟོད་བསྲན་མི་བྱེད་ཐབས་མེད་ཀྱི་གནས་སུ་ལུས་ཡོད། ཡིན་ན་ཡང་། ད་རེས་ཀྱི་མི་བཟོས་རུས་ཚིགས་གཅིག་བསྡུས་འབོར་ཆེན་ཉོ་སྒྲུབ་སྲིད་ཇུས་ལག་ལེན་བསྟར་བ་དང་། དེའི་ཐོག་སྨན་བཅོས་འགན་སྲུང་གི་རྩིས་ཞུ་ཡང་བྱེད་ཆོག་པའི་དབང་གིས་ནད་པས་མི་བཟོས་རུས་ཚིགས་བརྗེ་བར་རང་གིས་སྨན་བཅོས་འགྲོ་སོང་ཆེན་པོ་སྤྲད་མི་དགོས་པ་ནི་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།

ཧྭ་ཞི་སྨན་ཁང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ང་ཚོས་སྨན་སྤྱོད་འཛད་རྫས་གཅིག་བསྡུས་འབོར་ཆེན་ཉོ་སྒྲུབ་དང་བེད་སྤྱོད་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱིས་ནད་ལྟ་དཀའ་བ་དང་སྨན་གོང་ཆེ་བའི་གནད་དོན་ཐག་བཅད་དེ་དམངས་ཕན་སྲིད་ཇུས་ངེད་སྨན་ཁང་དུ་ལག་ལེན་དངོས་སུ་བསྟར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།: དུས་རབས་གསར་པའི་སི་ཁྲོན་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་ཐོག་འགོག་ཉེན་གཡོལ་ལས་དོན་ཡག་པོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།