བྲན། 2022-06-01
ཞོགས་པའི་ཉི་ཟེར་ཕྲ་མོ།།
རི་བོའི་ཕྲག་ནས་འཛུམ་དུས།།
ཨ་ཕས་མལ་ལས་ལོངས་ཞེས།།
ང་ལ་འབོད་བརྡ་བཏང་བྱུང་།།
དྲན་སྐུལ་གཏོང་བའི་དུས་ཚོད།།
གློ་བུར་ཉིད་དུ་གྲག་བྱུང་།།
བྱིས་པ་མལ་ལས་ལངས་ཏེ།།
ཁ་ལག་གཙང་མ་བཀྲུས་ཡོད།།
ཨ་ཕས་འཕྲུལ་རྟ་བཞོན་ནས།།
བྱིས་པ་སློབ་གྲྭར་བསྐྱལ་བྱུང་།།
ལམ་ཁའི་ལྕང་སྡོང་དག་གིས།།
མགོ་བོ་དུད་ནས་བལྟས་འདུག།
སློབ་གྲྭའི་སྒོ་གྱང་ངོས་སུ།།
རི་མོ་སྣ་ཚོགས་བྲིས་འདུག།
བྱིས་པའི་འཛུམ་ཆུང་གྱི་ལེར།།
སློབ་གྲྭར་བསུ་བ་བྲིས་འདུག།
རི་མོ་དེ་དག་མཐོང་བས།།
སྤྲོ་སྣང་སྐྱིད་པོ་བྱིན་སོང་།།
སློབ་གླིང་སྐྱིད་པོ་འདི་ག།
ང་རང་འཚར་སའི་ཡུལ་ཡིན།།
དྲིན་ཆེན་ཕ་ལོ་མ་ལོ།།
ཡུལ་ནས་བདེ་བར་བཞུགས་དང་།།
སློབ་གླིང་ཚལ་གྱི་བུ་ངས།།
སློབ་སྦྱོང་ཡག་པོ་བྱེད་ཡོང་།།
དགེ་རྒན་བསམ་བཟང་སྒྲོན་མས།།
བོད་ཡིག་ཡག་པོ་བསླབས་བྱུང་།།
དགེ་རྒན་སྤྱོད་བཟང་སྐྱབས་ཀྱིས།།
སློབ་གསོ་ཡག་པོ་བཏང་སོང་།།
སློབ་གྲྭའི་ཁོར་ཡུག་སྐྱིད་བྱུང་།།
རྩེད་རོགས་བྱིས་པ་མང་སོང་།།
གླིང་འདིས་བྱིས་པ་ང་ཚོ།།
འཚོ་བའི་རེ་བ་ཡིན་སོང་།།
བྱིས་པ་བྱིས་པ་ང་ཚོ།།
དགེ་རྒན་སེམས་ཀྱི་དྲོད་ཡིན།།
ཕ་མའི་སེམས་ཀྱི་སྙིང་ཡིན།།
བྱིས་པ་ང་ཚོ་སྐྱིད་བྱུང་།།
རྒྱ་ཡིག་སློབ་ཚན་ནང་གི།
གཏམ་རྒྱུད་སྐྱིད་པོ་དེ་དག།
ཕྱིར་ལ་ཡུལ་ལ་ཐོན་ན།།
ཕ་མ་གཉིས་ལ་བཤད་ཡོང་།།
བོད་ཡིག་སློབ་དེབ་ངོས་ཀྱི།།
གཏམ་དཔེ་ཚན་པ་ཁ་ཤས།།
ཨ་ཕས་ངག་ལས་གོ་མྱོང་།།
ཡིད་ལ་འཛིན་ཁ་བདེ་སོང་།།
ད་དུང་རྒྱ་ཡིག་ཁ་ཤས།།
ཞོང་ཏཱ་ཞོང་ཨར་གཉིས་ཀས།།
བཤད་པའི་སྐད་ཆའི་ནང་ནས།།
ལན་གཅིག་མིན་པར་ཐོས་མྱོང་།།
སློབ་གྲྭ་ཁ་དྲོ་བཀྲ་ཤིས།།
བྱིས་པའི་དུས་ཆེན་བསུས་བྱུང་།།
བྱིས་པ་ང་ཚོའི་སེམས་པ།།
དགའ་དགའ་སྤྲོ་སྤྲོས་ཁེངས་ཡོད།།
དགེ་རྒན་དགེ་རྒན་བཟང་པོ།།
སློབ་གྲོགས་སློབ་གྲོགས་བཟང་པོ།།
སློབ་གླིང་སླིབ་གླིང་སྐྱིད་པོ།།
ནམ་ཡང་ནམ་ཡང་མི་འབྲལ།།
ཕ་མ་གཉིས་ཀྱི་བཀའ་དྲིན།།
དགེ་རྒན་དམ་པའི་བཀའ་དྲིན།།
སློབ་གྲྭ་བཟང་པོའི་བཀའ་དྲིན།།
བཀའ་དྲིན་འདི་གསུམ་མི་བརྗེད།།
རྩོམ་གསར། 10