རི་སྤྱང་། 2022-06-01
སྙིང་ཉེ་བའི་བྱིས་པ་ཆུང་ཆུང་ཚོ། ཁྱེད་ཚོ་ནི་དབྱར་མགོ་མའི་གསར་དུ་བཞད་པའི་མེ་ཏོག་ཆུང་ཆུང་འགའ་ཡིན། བསིལ་རླུང་འཇམ་པོ་གཡུག་ན། མགོ་ལྕོག་ལྡེམ་ལྡེམ་གཡོ་སྲིད། དེ་ལས་མཆེད་པའི་དྲི་བཟང་དང་རང་མདངས་ཀྱིས་འཇིག་རྟེན་མི་ཡུལ་གྱི་ཁམས་སུ་བརྩེ་བའི་འོད་སྣང་འཕྲོ་ཆོག བདག་གི་མཐོང་ལམ་དུ་ཁྱེད་ཚོ་མཛེས་ཤིང་སྡུག་ལ་ཡིད་དུ་འོངས་པ་ཞིག་ཏུ་མཐོང་།
སྙིང་ཉེ་བའི་བྱིས་པ་ཆུང་ཆུང་ཚོ། ཁྱེད་ཚོ་ནི་འཇིག་རྟེན་མི་ཡུལ་དུ་ཐོག་མར་སླེབས་པའི་མགྲོན་པོ་ཞིག་སྟེ། ད་ལྟ་ཁྱེད་ཅག་གི་ལུས་སེམས་དྭངས་ཤིང་གཙང་བའི་རང་བཞིན་ནོ། ། ནག་ནོག་གི་དྲི་མས་མ་གོས་པའི་ཤོག་བུ་དཀར་པོ་ཞིག་དང་མཚུངས། དེ་ཡི་སྟེང་དུ་ཡིད་དབང་འགུག་པའི་རི་མོ་ཅི་ཞིག་འབྲི་མིན་རང་ཉིད་ལ་ཐུག་ཡོད། ཤོག་བུ་དཀར་པོ་རང་ཉིད་ཀྱི་མི་ཚེ་ཡིན། ཡང་ན་ཁྱོད་རང་རྒྱུ་འགྲུལ་བྱེད་སའི་མ་འོངས་པའི་ཡུལ་ལྗོངས་ཤིག་ཡིན། ཡུལ་ལྗོངས་འདི་ཁྱོད་ལ་དབང་བའི་རྒྱ་ཆེ་བའི་ཁྱིམ་གཞིས་ཡངས་མོ་ཞིག་བསྐྲུན་ཆོག། སྐབས་རེར་ཤོག་བུ་དཀར་པོ་དེ་ཁ་བ་དཀར་པོ་ཞིག་དང་འདྲ། ཁྱོད་ཀྱིས་ངེས་པར་དུ་ཁ་བའི་ངོས་སུ་རྐང་རྗེས་ལེབ་མོ་རེ་དཔར་དགོས། བསྐལ་བའི་རླུང་ཆེན་དྲག་ཏུ་གཡུག་ཀྱང་། རྡོ་རྗེ་ཕ་ལམ་བཞིན་འོད་ཟེར་ལམ་ལམ་ངང་འབར་དགོས། དུས་ད་ལྟ་ནས་ཁྱོད་ཀྱིས་འཆར་གཞི་དང་བཀོད་སྒྲིག་བྱས་ཏེ། མཛེས་སྡུག་ལྡན་པའི་ལམ་བུ་རེ་བསྐྲུན་པར་འབད་པ་བྱ་དགོས། ཁྱོད་རང་ད་ལྟ་མི་ཡུལ་ལ་ཆ་རྒྱུས་གང་ཡང་མེད་ལ། མི་ཡུལ་གྱི་གདུག་རྩུབ་ཁྱོད་ཀྱིས་མི་ཤེས།
སྙིང་ཉེ་བའི་བྱིས་པ་ཆུང་ཆུང་ཚོ། མ་ཉལ་ཡར་ལ་ལོངས་དང་། མགྱོགས་མྱུར་ངང་ཡར་ལ་ལོངས་དང་། དུས་ཚོད་ནི་སྐད་ཅིག་ལ་མི་སྡོད་པར་རྒྱུག་བཞིན་འདུག ཆེས་རིན་ཐང་ཆེ་བ་ནི་དུས་ཚོད་དོ། ། ཁྱོད་ཀྱིས་དུས་ཚོད་ལ་གཅེས་སྤྲས་བྱས་ཏེ་དོན་གྱི་ནོར་བུ་ལག་ཏུ་ལེན་དགོས། ལག་ནས་དངུལ་ལོ་ཟད་པ་ལ་ཐབས་ཤེས་ཡོད་ཀྱང་། གསེར་གྱི་དུས་ཚོད་ཤོར་བ་ལ་ནི་ཕྱིར་འོངས་མེད་དོ།། དེ་བས་དུས་ཚོད་ནི་ཁྱོད་ཀྱི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཡིན་པས་གཏན་ནས་སྣང་མེད་གཏོང་མི་རུང་།
སྙིང་ཉེ་བའི་བྱིས་པ་ཆུང་ཆུང་ཚོ།མགོ་བོ་ཡར་ལ་དགྱེས་དང་། གནམ་གྱི་ཆུ་འཛིན་གྱི་ལྷོང་ནས་སྦྲང་ཆར་སིམ་སིམ་དུ་འབབ་པར་ངེས། དེ་ནི་ལུས་ཁམས་ཡོངས་སུ་གསོ་བར་བྱེད་པའི་དྲིན་ཆེ་བའི་ཕ་མ་དང་དགེ་རྒན་དམ་པའི་བསླབ་བྱ་ཡིན། ལེགས་པར་རྣ་བ་གཏོད་ལ་ཡིད་ལ་ཟུངས་དང་། ནམ་ཡང་ཁྱོད་ལ་བསླུ་བྲིད་གཏོང་མི་སྲིད། ཁྱོད་ཅག་ནི་ང་ཚོའི་རེ་བའི་མིག་ལྟོས་བྱེད་སའང་ཡིན་ལ། མ་འོངས་པར་མི་རིགས་དང་རྒྱལ་ཁབ་ཀྱི་བདག་པོའང་ཁྱེད་ཅག་ཡིན་པས། མ་ཉལ་བར་ཡར་ལ་ལོངས། མདུན་ནས་མདུན་དུ་སྐྱོད་དང་། ཁྱོད་ཀྱི་གོམ་པའི་འདེགས་འཇོག་རེ་རེ་ཡིས་གཟི་བརྗིད་ཀྱི་རྒྱལ་ཁ་ལ་ཡུན་མི་རིང་བར་ལག་ཏུ་ཐོབ་པའི་འབྲས་བུ་སྨིན་པ་ཡིན། སྙིང་ཉེ་བའི་བྱིས་པ་ཆུང་ཆུང་ཚོ་མདུན་དུ་སྐྱོད་དང་།
རྩོམ་གསར། 10