ཉི་འོད་འོག་གི་གསར་འགྱུར།

ཆང་རྫི།        2022-05-25

ཁྱེད་ཀྱིས་གོ་ཡོད་ཀྱང་སྲིད། ལོ་ངོ་བཅུའི་ཡར་སྔོན་ལ་སྲིབ་ལུང་རིང་མོའི་ལུང་མདོ་ནས་བྱུང་བའི་མི་བསད་དོན་རྐྱེན་དེའི་ཉེས་ཅན་གཉིས་ཉེ་སྔོན་ཁྲིམས་ལ་སྦྱར་སོང་ཟེར། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན་དེ་གཉིས་ལས་གཅིག་ནི་ལོ་ངོ་བཅུའི་ཡར་སྔོན་ལ་སྡེ་བའི་ནང་དུ་འཁྱམས་ནས་ཐོན་པའི་བོད་ཧེ་ལོའོ་མ་ཟེར་བའི་ནོར་རྫི་དེ་རེད་ཟེར་གྱིན་འདུག། ཏག་ཏག་ལོ་ངོ་བཅུའི་ཡར་སྔོན་གྱི་ལུང་མདོའི་དོན་རྐྱེན་དེ་བྱུང་བའི་ཉིན་གསུམ་པར་ནོར་རྫི་ལོའོ་མ་གར་སོང་ཆ་མེད་དུ་གྱུར་སོང་བ་རེད། གནས་ཚུལ་འདི་དག་ཐོག་མར་དགོན་པའི་མཐའ་བ་རྣམས་ཀྱིས་ཐོས་ཡོང་བ་རེད། ཁོ་ཚོ་ལ་སུས་བཤད་པ་མི་གསལ་ཡང་། ལོ་ངོ་བཅུའི་ཡར་སྔོན་ལ་བྱུང་བའི་མི་བསད་དོན་རྐྱེན་གྱི་ལག་དམར་གཉིས་ཁྲིམས་ལྟར་བཙོན་འཇུག་བྱས་ཡོད་པ་ནི་དོན་དངོས་ཡིན་འདུག།

གསེར་མདོག་གི་སྔ་དྲོའི་ཉི་མའི་འོད་སྣང་གིས་ས་གཞི་ཧྲིལ་བོ་འདིར་གཟི་བྱིན་གྱིས་དཔལ་འབར་བར་བྱས་ཤིང་། དགོན་པའི་མཐའ་བ་རྣམས་ཀྱི་ཁང་བའི་དུད་ཁུང་ལས་སྔོ་མདོག་གི་དུད་སྤྲིན་ལང་ལོང་འཕྱུར་ཞིང་གཡའ་དག་པའི་ནམ་མཁའི་ཀློང་དུ་ཡལ་གྱིན་འདུག། ཉིན་རྒྱུན་བཞིན་དགོན་མཐར་འཚོ་བའི་རྒན་རྒོན་རྣམས་ཀྱིས་ཀྱང་། དབྱིབས་དང་རྒྱུ་ཆ། ལས་པའི་ལག་རྩལ་སོགས་ཡོངས་སུ་མི་གཅིག་པའི་ལག་འཁོར་ཆུང་ཆུང་རེ་བཟུང་ནས་འཁོར་ཁང་ཆེས་ཆེ་བ་དེའི་ཕྱོགས་སུ་སྔ་རྗེས་བྱས་ནས་ཐོན་བྱུང་།

རྨ་ཀླུང་རིང་མོའི་འབབ་རྒྱུན་གྱི་ཉིན་སར་ཆགས་པའི་དགོན་པ་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པ་འདི་ལ་གསེར་ལུང་དགོན་བསྟན་གཉིས་དར་རྒྱས་གླིང་ཟེར་ཞིང་། དེ་ནི་གསེར་ལུང་ཚོ་བའམ་ད་ལྟའི་གསེར་ལུང་ཡུལ་ཚོར་འབོད་པའི་ས་ཆ་འདིའི་ཁོངས་སུ་ཆགས་ཡོད་པས་དེ་ལྟར་འབོད་པ་ཡིན། གསེར་ལུང་དགོན་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྟོད་ལ་རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་ཤིང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་རྗེས། མ་གཞིའི་གསེར་ལུང་དགོན་པ་ལ་ཞིག་གསོ་དང་བསྐྱར་བཞེངས་བྱས་པ་ཞིག་ཡིན། ལོ་ངོ་འདི་དག་གི་རིང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཀྱི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་སོང་བས། དགོན་པའང་རང་ཤུགས་ཀྱིས་ཇེ་རྒྱས་སུ་སོང་ཞིང་། གྲྭ་པའང་ཇེ་མང་ལ་སོང་ནས་ད་ལྟ་ས་ཕྱོགས་སོ་སོར་སྐད་གྲགས་ཀྱིས་ཆོད་པའི་དགོན་པ་ཞིག་ཏུ་གྱུར་ཡོད།

“ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱོད་ཚོས་ཉི་མར་ལྡེས་ནས་ཡོད་དམ།” རྒད་པོ་རྒྱ་ཞྭ་ལྗང་སེར་དང་མིག་ཤེལ་ནག་པོ་བརྒྱབ་པ་ཞིག་གིས་དེ་ལྟར་ཟེར་བཞིན་འཁོར་ཁང་གི་མདུན་སར་ཉི་མར་ལྡེ་བཞིན་པའི་རྒན་རྒོན་ཚོའི་གྲལ་ཐོན། ཁོ་ཚོས་ཉིན་རྒྱུན་འདི་ལྟར་ཉི་མ་ལྡེ་ཞོར་དང་འཁོར་ལོ་སྐོར་ཞོར། མ་ཎི་འདོན་ཞོར་དང་ཁ་བརྡ་བྱེད་ཞོར་བྱས་ནས་ཉི་མ་སྐྱེལ་གྱིན་ཡོད།

ད་ལྟ་ཁྱིམ་ཚང་ཕལ་ཆེ་བའི་རྒན་རྒོན་དག་ནི་དགོན་མཐར་ཆོས་སྒྲུབ་ཏུ་ཐོན་ཡོད། ཁྱིམ་ཚང་གི་འཚོ་བ་སོགས་ཇེ་རྒྱས་ཇེ་བཟང་ལ་སོང་རྗེས། རྒན་རྒོན་རྣམས་དགོན་མཐར་ཁང་པ་ཕུབ་ནས་ཆོས་རྐྱང་རྐྱང་སྒྲུབ་པར་ཡོང་བའི་ཚ་རླབས་ཤིག་སྡེ་བ་ཧྲིལ་པོར་འཕྱུར་བཞིན་ཡོད་ལ། ཐ་ན་སྡེ་བ་གཞན་རྣམས་ཀྱང་དེ་ལྟར་རེད། ད་སྐབས་བུ་ཚ་སོགས་ཀྱིས་ཁྱིབ་ཐབ་བཟུང་རྗེས་རྒན་རྒོན་རྣམས་ད་དུང་ཁྱིམ་དུ་བསྡད་ནས་ཕྱུགས་འཚོ་སྐྱོང་སོགས་ལ་བྲེལ་བ་ནི་ཁྱིམ་ཚང་དེའི་ངོ་ཚའམ། ཡང་ན་བུ་ཕྲུག་ལ་བསྙེན་བཀུར་རམ་སྲི་ཞུ་ཡོད་མེད་མཚོན་སྟངས་ཤིག་ཀྱང་ཡིན།

རྒན་རྒོན་ཚོས་ཉིན་རྒྱུན་བཞིན་ཡར་མར་ཐམས་ཅད་ལ་ཁ་བརྡ་བྱེད་ཀྱིན་བསྡད། སྐབས་རེར་ཚང་མས་མི་གཅིག་གིས་བཤད་པར་ཉན་ལ། ཡང་མཚམས་རེར་ཁོ་ཚོས་མི་རེ་གཉིས་རེ་གཉིས་བྱས་ནས་ཁ་བརྡ་བྱེད། དེ་ལྟར་དུས་ཚོད་ཀྱང་ཡུན་གྱིས་ཉིན་གུང་ལ་སླེབས་སོང་།

“ཨ་རོགས་ཚོ། སྙིང་རེ་རྗེ། གོ་ཐོས་ལྟར་ན་ཉིན་འགའི་སྔོན་ལ་ཚེ་རྡོར་ཚང་གི་ནོར་འགའ་རྐུན་མས་དེད་སོང་ཟེར། དེ་ཨེ་བདེན་ནམ། སྤྱིར་ཚེ་རྡོར་ཚང་གི་འཚོ་བའི་ཆ་རྐྱེན་བཟང་རྒྱུ་མེད། དེའི་ཁར་བུ་ཆུང་བ་དེའང་ནད་པ་ཞིག་རེད། ད་དངོས་གནས་ཁྱིམ་ཚང་ལས་ངན་རང་རེད།” ནམ་རྒྱུན་ཁ་བརྡ་ལ་སྤྲོ་བའི་ཨ་ནེ་རྒད་མོ་མགོ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་དེ་བཀྲིས་ནས་སྣུམ་ཤུག་ཤུག་བྱེད་པ་དེས་ལག་གཡས་པས་ལག་འཁོར་ཆུང་ཆུང་དེ་སྐོར་ཞོར་དང་། ལག་གཡོན་པས་ཙན་དན་ཕྲེང་བ་ནག་པོ་དེའི་ཕྲེང་རྡོག་རེ་རེ་འདེད་ཞོར་རྒན་པོ་ཚོར་བཤད།

“བདེན་པ་རེད། ཚེ་རྡོར་ཚང་གི་ཤད་གཉིས་དང་འབྲི་ཞིག་རྐུ་ལ་ཤོར་སོང་། ཕལ་ཆེར་ཉི་མ་ལྔ་འགོར་འདུག” རྒྱ་ཞྭ་ལྗང་སེར་གྱོན་པའི་རྒད་པོ་དེས་དེ་ལྟར་བཤད་རྗེས། ཁོའི་འགྲམ་གྱི་མི་ཚང་མས་ཁོའི་ངོ་ལ་ཅེར་ཏེ། ལྷིང་འཇགས་སེར་ཁོས་སྐད་ཆའི་རྒྱུན་མཐུད་པར་སྒུག་འདུག རྒད་པོ་འདི་འདིར་འདུས་པའི་མི་དག་ལས་ལོ་ན་གཞོན་ཤོས་དེ་ཡིན་ལ། ཁོ་ཚང་གི་བུ་ཆེ་བ་ནི་ད་ལྟ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡིན། འཚོ་བའི་ཆ་རྐྱེན་བཟང་བ་སོགས་ཀྱི་རྐྱེན་པས་ལོ་ན་ཧ་ཅང་བགྲེས་པོར་མ་ཆགས་པའི་རྒད་པོ་འདིའང་ཁོའི་བཟའ་ཟླ་དང་བཅས་དགོན་མཐར་ཡོང་ནས་ཆོས་སྒྲུབ་པར་འབད་ཀྱིན་ཡོད། ཁོས་ནམ་རྒྱུན་རྒན་པོ་ཚོའི་གྲལ་དུ་ཁ་བརྡ་ཡར་མར་མང་པོ་བྱེད་ཀྱིན་ཡོད་ལ། རྟག་པར་གཏམ་རྒྱུད་གང་ཡང་རང་ཉིད་དང་སྦྱར་ཞིང་འུད་ཆེ་བར་སྒྲོག་པར་དགའ། རྒན་རྒོན་ཚང་མ་ཧ་ལམ་ཁོས་གཤིས་དེར་སུན་ཡོད་ནའང་ངོ་ལ་བལྟས་ནས་མི་དགའ་མདོག་སུས་ཀྱང་མི་སྟོན་ལ། དེ་ལྟར་མིན་ལུགས་ཀྱང་བཤད་མཁན་མེད།

“སྙིང་རེ་རྗེ། ད་དངོས་གནས་ཚེ་རྡོར་ཚང་ལ་དཀའ་རྒྱུ་རེད། རྐུན་མ་དེ་ཚོས་ཀྱང་དངོས་གནས་གཉོམ་ཆུང་ལ་ཐུབ་ཚོད་རང་རེད། རྒྱུ་འབྲས་ཤིག་འཁོར་རྒྱུ་ཡོད་ངེས་ཅན་ཡིན་ངེས། ཨོཾ་མ་ཎི་པདྨེ་ཧཱུྃ།” ཨ་ནེ་རྒད་མོས་དེ་ལྟར་བཤད།

དེ་ནས་རྒད་པོ་རྒྱ་ཞྭ་ཅན་དེས“སྐྱོན་ཡོད་པ་མ་རེད་ཨ་ནེ། དེང་སང་གནའ་དུས་དང་འདྲ་མོ་མ་རེད། རྐུན་མ་ཞིག་ཤོར་འགྲོ་ས་ཡོད་ནི་མ་རེད། ཏག་ཏག་ཉིན་གཉིས་ཀྱི་སྔོན་ལ་རྫོང་སྤྱི་བདེ་ཅུས་སོགས་ཀྱིས་གློག་མིག་བརྟག་པ་བརྒྱུད་ནས་རྐུན་མ་གསུམ་པོ་བཟུང་བཞག་པ་རེད། ད་ལྟའི་ཚན་རིག་དང་ཁྲིམས་ལ་ལྟོས་དང་། གང་འདོད་ལྟར་གཞན་གྱི་རྒྱུ་ནོར་བརྐུས་ནས་ཁྱེར་འགྲོ་ས་ཞིག་ཡོད་ཀྱི་མ་རེད། ད་དུང་། ཐ་ན་ལོ་བཅུའི་ཡར་སྔོན་ལ་བྱུང་བའི་མི་བསད་དོན་རྐྱེན་དེའི་ལག་དམར་ཉེས་ཅན་གཉིས་ཀྱང་ཁྲིམས་ལ་སྦྱར་སོང་ཟེར་བ་མ་ཐོས་སམ།” ཞེས་བཤད།

དེ་མུར་རྒན་པོ་ཚོར་རྣམ་རིག་ཅིག་རྒྱས་ནས་ཁོའི་ངོ་གདོང་ལ་ཅེར་འདུག་ཅིང་། ལ་ལ་ཞིག་ཚུར་ཅུང་ནུར་ཙམ་བྱས་ཤིང་ལག་འཁོར་སྐོར་མཚམས་བཞག་ནས་རྣ་བ་བླགས་ཏེ་ཁོས་ཅི་བཤད་ལ་ཉན་འདུག།

རྒད་པོ་རྒྱ་ཞྭ་ཅན་དེས་ཀྱང་ཁོ་ཚོས་ཚུལ་ཏེ་མཐོང་ནས་སྐད་མགོ་ཅུང་མཐོ་རུ་བཏང་སྟེ་མུ་མཐུད་དེ“ལག་དམར་གཅིག་ནི་ཡར་སྔོན་ལོ་བཅུའི་སྔོན་ལ་ང་ཚོའི་སྡེ་བར་ཡོང་ཞིང་ནོར་རྫི་བྱེད་མཁན་གྱི་བོད་ཧེ་ལོའོ་མ་ཟེར་བ་དེ་རེད་ཟེར། ཁོ་ལོ་དེར་ཚེ་རིང་བསམ་འགྲུབ་ཚང་གི་ནོར་རྫི་བྱས་པ་རེད། དེ་དུས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་མགུར་རྡོར་ཁ་ཤོ་ཡིན་དུས་རེད། ངེད་གཉིས་ཀྱི་ཚེ་རིང་བསམ་འགྲུབ་ལ་མི་འཁྱམ་ཉུལ་བ་དེ་འདྲར་བློ་གཏོད་རྒྱུ་ཡོད་ཀྱི་མ་རེད། སྔ་ས་ནས་འདུག་ཏུ་མ་བཅུག་ན་བཟང་གི་རེད་ཅེས་བཤད་མྱོང་། འོན་ཀྱང་ཁོས་མ་ཉན་པ་རེད། ཕལ་ཆེར་ཟླ་གཉིས་ཙམ་འགོར་མེད། སྲིབ་ལུང་རིང་མོའི་ལུང་མདོ་རུ་ཚེ་རིང་བསམ་འགྲུབ་ཚང་གི་བུ་ཆེ་བ་དེ་དམར་གསོད་བཏང་བཞག་པ་རེད། ཨོཾ་མ་ཎི་པདྨེ་ཧཱུྃ། ད་དུང་ཁོའི་ལག་ན་བཙོང་རྒྱུར་ཁྱེར་ཡོད་པའི་དབྱར་རྩྭ་དགུན་འབུ་རྣམས་ཀྱང་ཁྱེར་སོང་བ་རེད། ཇག་པ་དེ་གཉིས་ཀྱིས་ཀྱང་དམིགས་པ་ནི་དབྱར་རྩྭ་དེ་ཚོ་ཡིན་ངེས། ཚེ་རིང་བསམ་འགྲུབ་ཚང་ལ་མི་མང་ཞིང་དབྱར་རྩྭའི་ཐོན་ཁུངས་ཀྱང་དཔེ་མེད་ཅིག་ཡོད། ལོ་དེར་ཕལ་ཆེར་ཟླ་གཉིས་ཀྱི་རིང་ལ་སྒོར་ཁྲི་བཅུ་ལྷག་གི་རིན་གྱི་དབྱར་རྩྭ་ཉར་ཡོད་ངེས། དེ་དག་ཚང་མ་བོད་ཧེ་ལོའོ་མའི་ཤེས་ཡོད་པ་རེད། དེ་བས་ཉིན་དེར་བུ་ཆེ་བ་དབྱར་རྩྭ་བཙོང་བར་འགྲོ་སར་ལམ་སྒུག་བྱས་ཤིང་འཕྲོག་བཅོམ་བྱས་པ་རེད། ཨོཾ་མ་ཎི་པདྨེ་ཧཱུྃ། དེའི་རྗེས་ཀྱི་ཉིན་གསུམ་པར་ལོའོ་མའང་གར་སོང་ཆ་མེད་དུ་གྱུར་པ་རེད། ང་དང་མགུར་རྡོར་ཁ་ཤོ་ངེད་གཉིས་ཀྱིས་རྫོང་སྤྱི་བདེ་ཅུས་ལ་ལོའོ་མ་ལ་དོགས་གཞི་ཆེ་བར་སྙན་ཞུ་བྱས་པ་ཡིན། འོན་ཀྱང་། གྱོད་དོན་དེ་ད་ལྟའི་བར་གྲགས་འགུལ་ཅི་ཡང་མེད་སོང་བ་རེད།” ཅེས་བཤད།

གཏམ་རྒྱུད་འདིའམ་འཇིགས་རུང་གི་འདས་དོན་འདི་མི་ཤེས་མཁན་འདིར་འདུས་པའི་རྒན་རྒོན་ཚོའི་ཁྲོད་དུ་གཅིག་ཀྱང་མེད་མོད། ཁོས་དེ་ལྟར་གནས་ཚུལ་ལ་ཆ་རྒྱུས་ཁྱོན་ནས་མེད་པའི་མི་འགའ་ལ་ཤོད་པ་བཞིན་བཤད། འོན་ཀྱང་། ཁོའི་གཤིས་ཀ་དང་སྐད་ཆ་བཤད་སྟངས་འདི་ལ་ཁོ་ཚོ་སྔ་མོ་ནས་ལོབ་ཟིན་པས། སུན་མདོག་དང་མི་དགའ་མདོག་སྟོན་མཁན་གཅིག་ཀྱང་མེད། ཁོ་ཚོས་མགོ་བོ་གཡུག་གཡུག་བྱས་ཏེ་ཁོ་ལ་བདེན་ཁ་ཞིག་བྱིན་རྗེས། སླར་ཡང་དེ་ལས་འཕྲོས་པའི་ལབ་གླེང་གཞན་རེ་བྱེད་ཀྱིན་བསྡད།

“དེ་ན་ཚེ་རྡོར་ཚང་གི་ནོར་འདེད་མཁན་དེ་སུ་རེད་ཟེར། དེ་ད་ལྟ་ཤེས་ཡོད་དམ།”འདིར་འདུས་ཀྱི་ཁྲོད་ལོ་ན་ཆེས་བགྲེས་པའི་རྒད་པོ་སྨ་ར་དཀར་ལ་རིང་བ། ལག་འཁོར་གྱི་ཕྱི་ཤུན་དངུལ་གྱིས་སྤྲས་པ་དེས་རྒད་པོ་རྒྱ་ཞྭ་ལྗང་སེར་ཅན་ལ་ཕྱོགས་ནས་དེ་ལྟར་དྲིས།

རྒད་པོ་རྒྱ་ཞྭ་ཅན་དེས་ཁོར་ཕྱོགས་ནས་སྐད་མགོ་ཅུང་མཐོན་པོའི་སྒོ་ནས“དེ་ད་དུང་ཤེས་ཀྱིན་མི་འདུག། ཕལ་ཆེར་སྤྱི་བདེ་ལས་ཁུངས་ཀྱིས་ཕྱིར་མ་བསྒྲག་པ་ཡིན་རྒྱུ་རེད། གང་ལྟར་མི་གསུམ་འདུག་ཟེར་གྱིན་གདའ། ཁ་སང་ངེད་ཚང་གི་ཞི་ལུ་ངེད་གཉིས་ལ་ཤ་དང་མར་ཆུར་རེ་སྐྱེལ་བར་སླེབས་སོང་། དེ་དུས་བཤད་པ་རེད།” ཅེས་བཤད།

ཨ་ནེ་རྒད་མོ་མགོ་སྐྲ་སྣུམ་ཤིག་ཤིག་བྱེད་པ་དེས་ཙན་དན་ཕྲེང་བའི་ཕྲེང་འཛིན་ཞིག་གི་འདོགས་ས་སྤོར་ཞོར་ཡང་བསྐྱར་ཁ་ནས“དངོས་གནས་རྐུན་མ་དེ་དག་གིས་གཉོམ་ཆུང་ལ་ཐུབ་ཚོད་རང་རེད། ཚེ་རྡོར་ཚང་སྙིང་རེ་རྗེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།”ཞེས་ལབ།

དེ་ལ་རྒད་པོ་རྒྱ་ཞྭ་ཅན་དེས“སྐྱོན་ཡོད་པ་མ་རེད། རྐུན་མ་འཛིན་བཟུང་བྱས་ཟིན་པས། བོར་གཏོར་བྱུང་སོང་བའི་དངོས་པོ་རྒྱུ་བདག་ལ་ཕྱིར་སྤྲོད་ཀྱི་རེད། ད་དུང་། ད་སྐབས་ཚེ་རྡོར་ཚང་གི་འཚོ་བའང་ཐབས་སྡུག་མ་རེད། ཁོ་ཚང་ལོ་འགའི་ཡར་སྔོན་ནས་སྡེ་བའི་དམའ་སྲུང་ཁྱིམ་ཚང་དང་དཀའ་ངལ་ཅན་གྱི་ཁྱིམ་ཚང་སོགས་ཀྱི་གྲས་སུ་བཞག་ཡོད་པ་རེད། མ་ཟད། ན་ནིང་ནས་ཚེ་རྡོར་སྡེ་བའི་ནགས་སྲུང་མི་སྣའི་གྲལ་ལའང་བཞག་ཡོད་པས། ད་ལྟ་འཚོ་བ་ལ་ཡར་རྒྱས་ཕུན་སུམ་ཚོགས་པ་བྱུང་འདུག། ད་ལྟ་ཁྱོན་ནས་སྡེ་བ་ཧྲིལ་བོར་ཡར་སྔོན་བཞིན་གྱི་ཁྱིམ་ཚང་དབུལ་བོ་ལྟོ་རྒྱབ་ལའང་དཀའ་ཁག་ཆེ་བ་དེ་འདྲ་ཧ་ཅང་ཉུང་འདུག ཡོད་པ་དག་ནི་ཁྱིམ་ཚང་གསར་བ་བཟུང་བའི་ལོ་ཆུང་རྒྱན་འཇོག་ཆང་འཐུང་རྐྱང་རྐྱང་ལ་གཡེང་བ་རྣམས་རེད།”ཅེས་བཤད།

དེ་ལ་རྒད་མོས“འོ་དེ་ན་དངོས་གནས་ལེགས་པོ་རེད།”ཅེས་བཤད་ཅིང་། མུ་མཐུད་དེ་ཁོ་ཚོའི་ཁ་བརྡའི་གླེང་བྱའང་ཡུན་གྱིས་དོན་དག་འདི་དག་དང་གྱེས་ནས་ཁྱིམ་ཚང་གི་བྱ་བ་ཉག་ཉོག་དང་དགོན་པའི་ཆོས་ཚོགས་སོགས་ཀྱི་སྟེང་དུ་འཕྲོས།

དེ་ལྟར་ཡུན་གྱིས་ཉི་མའང་ནུབ་རིའི་རི་རྩེ་དང་ཇེ་ཉེ་ནས་ཇེ་ཉེར་ཕྱིན་ཞིང་། རྒན་རྒོན་ཚོར་ཁ་བརྡའང་མེད་པར་སོ་སོས་ས་ནས་འཁོར་ལོ་སྐོར་བཞིན་ཁ་མུག་མུག་གིས་ཅིག་འདོན་བཞིན། མིག་ཟུང་གཉིས་ཀྱིས་རྒྱང་རིང་གི་རི་བོའི་ངོས་ནས་མར་འབབ་བཞིན་པའི་ནོར་ལུག་གི་ཁྱུ་དང་དུད་ཁྱིམ་སོ་སོ་ནས་སྔོ་ལྷོག་ལྷོག་གིས་བར་སྣང་ལ་འགྲོ་བཞིན་པའི་དུ་བ་སོགས་ལ་ཅེར་འདུག། ཡུད་ཙམ་ནས། རྒན་རྒོན་རྣམས་ཡར་ལངས་ནས་སོ་སོའི་ཁྱིམ་གྱི་ཕྱོགས་སུ་བསྐྱོད། རྒད་པོ་རྒྱ་ཞྭ་ལྗང་སེར་གྱོན་མཁན་དེས་ཀྱང་། ཡར་ལངས་ནས་བོད་ལྭའི་ཐུ་བ་སོགས་ལ་སྤྲུགས་སྤྲུགས་ལན་འགའ་བྱས་རྗེས། མིག་ཤེལ་ནག་པོ་དེ་ཡར་གདོང་མགོར་སྣུད་ཙམ་བྱས་ཤིང་། “ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ་་་་་”ཞེས་སྐད་གསེང་མཐོ་རུ་བཏང་ནས་སྒྲོལ་མའི་བསྟོད་པ་འདོན་བཞིན་ཁྱིམ་གྱི་ཕྱོགས་སུ་ཆས། 


  • ལེ་ཚན་སྔོན་མ།:བྱིས་དུས་ཀྱི་ང་རང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།