ཧྲེན་དབྱང་གིས་རོང་བྲག་དང་དར་མདོ་རུ་ཆུ་བོར་སྐོར་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-05-25

ཧྲེན་དབྱང་གིས་རོང་བྲག་དང་དར་མདོ་རུ་ཆུ་བོར་སྐོར་ཞིབ་གནང་།
ཧྲེན་དབྱང་གིས་ཁྲང་ཧའོ་པ་ཆུ་གློག་ཁང་གི་གནས་སྤོས་ཡུལ་མི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་བརྟག་དཔྱད་གནང་བཞིན་པའི་ཚུལ།

སྤྱི་ཟླ5པའི་ཚེས21ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྤྱི་ཁྱབ་ཆུ་དཔོན་དང་པོ། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཁུལ་རིམ་པའི་ཆུ་དཔོན་ཧྲེན་དབྱང་རོང་བྲག་རྫོང་དང་དར་མདོ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཆུ་སྐྱོན་གནོད་སེལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད།

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དེ་རོང་བྲག་རྫོང་གི་དགུ་རྫོང་གྲོང་རྡལ་ནས་དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་བར་བརྒྱུད་སྐབས་ཧྲེན་དབྱང་གིས་ཆུ་བོར་སྐོར་ཞིབ་ཞིབ་ཚགས་བྱས་པས་མ་ཚད། ཡུལ་དངོས་སུ་སྤྲེའུ་གནས་བྲག་ཆུ་ཤུགས་གློག་ཁང་ཆུ་མཛོད་སའི་གད་སྙིགས་གཙང་སེལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ནས“རིག་ལྡན་ཆུ་བེད”ལས་སྟེགས་ཀྱི་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ལྟ་སྐུལ་ཚོད་འཛིན་མ་ལག་འཁོར་སྐྱོད་གནས་ཚུལ་ལ་ལྟ་སྦྱོང་གནང་བ་རེད།

དར་མདོ་གྲོང་ཁྱེར་མགོ་ཐང་གྲོང་རྡལ་གྱི་ཡེ་པ་གྲོང་སྡེའི་ཁྲང་ཧའོ་པ་ཆུ་གློག་ཁང་གི་གནས་སྤོས་ཡུལ་མི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་ཧྲེན་དབྱང་གིས་གནས་སྡོད་བྱེད་ཚད་དང་། སྲིད་ཇུས་དོན་འཁྱོལ། སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་བཀོད་སྒྲིག་ཁང་པར་བསྐྱོད་དེ་མང་ཚོགས་དང་བསམ་ཚུལ་སྤེལ་རེས་མཛད་པ་རེད།

དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་ཟུར་གཅིག་གྲོང་ཚོར་ཧྲེན་དབྱང་གིས་ཡུལ་དངོས་སུ་ཟུར་གཅིག་ཟམ་ཆེན་བསྐྲུན་ཚུལ་ལ་ལྟ་ཞིབ་གནང་བ་དང་ཆབས་ཅིག་ཆུ་སྐྱོན་གནོད་སེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན།

ཁོང་གིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་མཛུབ་ཁྲིད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་རྒྱུན་མཐུད་དེ་སྤེལ་བ་དང་ཆུ་བོ་དང་མཚེའུ་ཉེན་མེད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཧུར་ཐག་སྐྲུན་པ་བཅས་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཏན་ཏིག་ངང་བསྐྲུན་དགོས་པའི་ནན་གསུང་གནང་བ་རེད།། 


  • ལེ་ཚན་སྔོན་མ།:སླར་སྐྱེས་ནུས་ཁུངས་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཕུགས་བསམ་གྱིས་ཕྱུག་པའི་ལམ་ལ་བཞུད།། འབྱུང་འགྱུར་གྱི་ཕུགས་འདུན་ཡོངས་སུ་གྲུབ།།
  • དོ་སྣང་ཆེ་བའི་རྩོམ།