ལས་ཀྱི་ཐག་པ།

སད་མ།        2022-05-25

མི་ཚེ་སྐྱོ་བས་བསྐྱལ་དགོས་སམ། །

འཚོ་བ་སྨུག་པས་འཛིན་དགོས་སམ། །

ལས་ཀྱི་ཐག་པས་བསྒྲོགས་ནས་བཟུང་། །

སྲིད་པའི་མེ་ཏོག་ཁེ་མཚར་པོ། །

རིང་ནས་འཇའ་རུ་གྲུབ་བམ་ཅི། །

སྣང་བ་ཆུ་བཞིན་འཁྱག་ན་ཡང་། །

ཁ་ཡིག་སྐོར་ལོག་སུ་ཡིས་བྱས། །

དབྱངས་ལ་འཁོར་བའི་བུང་བ་འགའ། །

རྣམ་ཤེས་འདར་བའི་ཟོལ་ཙམ་གྱིས། །

ཉི་མ་བྲལ་བའི་པདྨ་ལྟར། །

རིང་ནས་འདར་གྱིན་འདར་གྱིན་བྲེལ། །

སྲོད་ལ་བཏང་བའི་ཡིག་ཆུང་ཞིག །

རི་ཆུང་བྱ་དེས་མཐོང་ངམ་ཅི། །

དགའ་དུང་རིང་མོའི་འཚོ་བ་ཞིག །

དྲན་པའི་ངོས་ནས་སླར་ཡང་བསྐྱལ། །



  • ལེ་ཚན་སྔོན་མ།:སྣ་ཚོགས་གླེང་བའི་ལེའུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།