སྲོད་ཀྱི་མགུར་མ།

རྐྱང་ཉུལ་གདོང་ནག།        2022-05-13

ཆར་ཤུལ་སྨག་ལམ་མོག་པོའི་གཞོགས་ངོས་ན། །

ལྷིང་འཇགས་གུར་ཁང་ཡངས་པོ་སུ་ཡིས་བརྩེགས། །

རྣམ་ཤེས་སྐྱ་བོས་སྒེར་ལམ་བསྙེགས་རྗེས་སུ། །

འོད་དཀར་དགུང་ལ་མ་ཤར་ཅི་ཡི་རྐྱེན། །

དབུགས་ཀྱི་འབྱིན་རྔུབ་བར་ནས་བརྡ་ཞིག་འབྱོར། །

ཁམས་འདི་འཁོད་སྙོམས་ཡིན་ལུགས་མ་འབྲི་ཞེས། །

ཡ་ཆུང་སྲོག་གི་མཐིལ་ནས་བརྡོལ་བས་ན། །

མཚན་གཞུང་རྨི་ལམ་ཆས་པའི་རྐང་ཐང་ཅི། །

སྐྱི་བསེར་ལུས་ལ་ལྡང་བའི་བསིལ་བ་ཡིས། །

ཨ་མའི་རུམ་ཁོལ་དྲོད་མོ་བསྒོམས་མཐའ་རུ། །

ལྷོད་ཡངས་བག་ལ་ཉལ་བའི་ཆོ་འཕྲུལ་ལས། །

སྲོད་གཞུང་སྣང་བའི་རི་མོ་རུས་ལ་ཡིབས། །

ཚོར་བརྗོད་རྣལ་མ་བཤུས་པའི་ཚིག་ཁྱིམ་ན། །

བརྒྱ་སྟོང་ཁྲི་མ་འབུམ་གྱི་ཟློས་གར་བརྩམས། །

མྱོང་བ་དྲན་པ་གསལ་པོའི་རང་གཟུགས་ཀྱིས། །

བཅོས་ལྷད་སྒྱུ་མ་བྲལ་བའི་ཕུང་པོ་བཞེང་། །


  • ལེ་ཚན་སྔོན་མ།:མི་ཡུལ་གྱི་གོམ་འགྲོས་ཆ་ཤས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།