བཅད་ཤེས་ལྟ་བུའི་སྙན་ངག

གཞི་ཚང་ཟླ་བ་གྲགས་པ།        2022-04-29

བཅད་ཤེས་ལྟ་བུའི་སྙན་ངག།

ངལ་བའི་དངུལ་ཆུ་མ་བྲུལ།།

ལམ་དང་དཀྱུས་ཐག་བཅད་དེ།།

ས་ཚུགས་ཆུང་ཆུང་ཞིག་ནས།།

ལས་འཕྲོའི་གཤེར་ཆུ་བཞུར་མྱོང་།།

མི་ཚོགས་ཟིང་ཟིང་དབུ་མ།།

གླུ་དང་དགོད་སྒྲས་བཀང་ཡོད།།

གཟུགས་པོ་འཕྱོ་འགྲོས་བར་ནས།།

མིག་ཟུང་ཟུར་ལ་ཤོར་མྱོང་།།

ལྷ་བསྐོས་ས་བོན་མ་མཚུངས།།

འཚར་བའི་སྐྱེས་ཡུལ་ཐ་དད།།

ཆ་མེད་ཕྱོགས་ཡོང་མགྲོན་པོར།།

མིག་གི་བདུད་རྩི་འགྱེད་མྱོང་།།

ཕྱི་ཚུལ་རྣམ་པ་འགལ་བས།།

ཚེ་གྲོགས་བྱ་བར་མ་སྤོབས།།

ཨུ་ཚུགས་བཅོས་མའི་བར་ནས།།

འདུན་མའི་སྐལ་བཟང་ཡལ་སོང་།།

ཧམ་རླུང་ཁོག་ཏུ་མ་འཚུབས།།

ཁྲག་དང་མཆི་མ་མ་དཀུ།།

དམུལ་བའི་དགྱེས་ཞལ་མ་རིད།།

རྨི་ལམ་སྐབས་ཀྱིས་རྨིས་མྱོང་།།

ཐ་ཚིག་བྲག་ལ་མ་བཞག།

བྲག་དཀར་ཕ་རིར་འཆའ་བ།།

ཐང་ཡུད་ཉིན་དང་མཚན་མོ།།

སེམས་ཀྱིས་དམིགས་གཏད་བཅས་མྱོང་།།

འཇིག་རྟེན་དགའ་སྡུག་གཉིས་ཀ།

མ་རྟོགས་རིས་སུ་འཁོར་བས།།

རྟབ་པོར་གྱེས་པའི་མུན་སྲོད།།

ཕྱིར་མིག་ཐེངས་གསུམ་བལྟས་མྱོང་།།

ལམ་ཁ་ཤར་དུ་བདམས་པ།།

ཤར་ཕྱོགས་ཚངས་པའི་གནས་ཡུལ།།

ཐམས་ཅད་གཉིས་སུ་སྣང་ཡང་།།

ཡིད་སེམས་སྨྲེང་བར་མ་བྱུང་།།

སྐྱེས་ཡུལ་ལྷིང་འཇགས་སྟོངས་ཏེ།།

སེམས་པས་རང་རྐྱ་མི་ཐུབ།།

བེམ་རིག་འབྲལ་བར་འཁུ་བའི།།

ཤེས་པ་གནས་ཡུལ་གཞན་ཞིག།

ཚད་མ་སྐད་ཅིག་ཙམ་ཞིག།

ན་ནིང་དྲངས་པའི་ངེས་ཤེས།།

མི་རྟག་ཡིན་པར་ཨེ་གྲུབ།།

སྙུགས་སུ་འགྱུར་བ་མི་སྲིད།།

བདག་ནི་གཡུ་སྦྲང་མ་མོས།།

དུག་གི་སྣ་དང་ཁ་མཆུ།།

འཁྲེན་པའི་འགྱུར་འགྲོས་རེ་རེས།།

ཁྱེད་ཀྱི་མཚར་སྡུག་བཅོམ་འགྲོ།།

ང་ནི་ཕྱེ་ལེབ་སྔོན་པོ།།

སྣང་བའི་གར་ལ་རྩེན་ཏེ།།

ཁྱེད་ལ་ལྟ་སྐོར་ཐུབ་ན།།

སེམས་ཁམས་འདི་ཡིས་འཚེངས་པ།།

འདི་ནི་བརྩེ་དུངས་མ་ཡིན།།

འདི་ནི་དགའ་བ་མ་ཡིན།།

འདི་ནི་སྟེས་དབང་མ་ཡིན།།

འདི་ནི་ལས་འབྲེལ་མ་ཡིན།།

གློ་བུར་དབྱངས་སྙན་ཞིག་གིས།།

གནའ་ནས་བག་ལ་ཞ་བར།།

འཇབ་རྒོལ་ཐེངས་གཅིག་བྱས་པས།།

བག་ཆགས་སད་པ་ཡིན་ནོ།།



  • ལེ་ཚན་སྔོན་མ།:སློབ་རའི་སྤྲོ་སྣང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།