སྡོད་ཁང་དམངས་སྲོལ།

གཅན་ཚ་བཀྲ་བྷོས་བརྩམས།        2022-04-29

༡.སྡོད་ཁང་གི་གྱང་ལྡེབས་རི་མོ།

སྤྱིར་རི་མོ་ནི་བསམ་བློ་དང་རིག་གནས་ཀྱི་མཚོན་དོན་གཙོ་བོ་ཞིག་ཡིན་པ་ལྟར་ཁང་པའི་ཕྱི་ནང་གི་རི་མོ་སྣ་ཚོགས་ལའང་མཚོན་དོན་དང་མཛེས་དཔྱོད་ཀྱི་ཉམས་སྣང་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ནི་གནའ་ནས་བཟུང་འགྲོ་བ་མིའི་རང་གི་རང་གི་འཚོ་བའི་ཁོར་ཡུག་དག་ཏུ་རང་ཉིད་ཀྱི་ཐོན་སྐྱེད་འཚོ་བ་དང་། བསམ་བློའི་བརྩེ་དུངས། དགའ་སྐྱོ་ཆགས་སྡང་སོགས་མཚོན་པའི་རི་མོ་དང་ལྡེབས་རིས་འབྲི་རྒྱུར་དགའ་བ་དེ་རིམ་གྱིས་འགྲོ་བ་མིའི་རིག་གནས་ཀྱི་ཁུངས་དང་གཞིར་འཛིན་པའི་ཡུལ་སྲོལ་གོམས་གཤིས་གལ་ཆེན་ཞིག་ཏུ་གྱུར། དེ་བཞིན་བོད་ཀྱི་སྡོད་ཁང་གི་ལྡེབས་རིས་མང་པོ་ཡོད་པ་ལས་རྒྱུན་མཐོང་གི་དཔེ་མཚོན་ཁ་ཤས་ཞུས་ན།

(༡)ཚེ་རིང་རྣམ་དྲུག ། འདི་ནི་བོད་ཀྱི་སྡོད་ཁང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱུན་དུ་བོད་ཁང་རྣམས་ཀྱི་བར་འཁྱམས་ཀྱི་རྩིག་ལྡེབས་སོགས་སུ་མཐོང་རྒྱུ་ཡོད་པའི་རི་མོ་ཞིག་ཡིན། དེ་ནི་སྔོན་དུ་བྱུང་བའི་བྲག་ཚེ་རིང་དང་། ཆུ་ཚེ་རིང་། ཤིང་ཚེ་རིང་། མི་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་བཅས་དྲུག་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མས།སྔོན་ཚེ་མ་ཧ་ཙི་ནའི་ཡུལ་གྲུ་འདིར།། དུས་གསུམ་སྲས་བཅས་རྒྱལ་བས་བྱིན་རླབས་པས།མི་འགྱུར་མི་ཞིག་ཁྱད་ཆོས་བདུན་ལྡན་པའི།། གཞོམ་བྲལ་རྡོ་རྗེ་རང་བཞིན་བྲག་རི་བསྐྲུན།། དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན།། ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་བཤེར་གྱིས། །རོ་མཆོག་བརྒྱ་ལྡན་འབྲས་བུ་ཡོངས་དུད་པའི།། ཚེ་རིང་ལྗོན་ཤིང་རྒྱས་ཤིང་དེ་ཡི་དྲུང་།། ཚེ་སྣང་དཔག་མེད་མགོན་གྱི་གཟི་བྱིན་སྟོབས།། སྙིང་ལ་ཞུགས་པ་བདེ་གསལ་མི་རྟོག་པའི།། ཡེ་ཤེས་ཏིང་འཛིན་མངོན་གྱུར་དྲང་སྲོང་ཆེ།། ཚེ་རིང་གྲགས་སྙན་འབར་བ་དགྱེས་བཞིན་བཞུགས།། དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུ་ཚོགས།། ལོངས་སུ་ཁྱད་པར་རི་དྭགས་ཚེ་རིང་ཐོབ།། ལྗོན་འབྲས་འཆི་མེད་བཏུང་པའི་རྒྱུན་བཟང་པོར།། འབད་མེད་སྤྱད་པས་ཚེ་རིང་འདབ་ཆགས་བྱུང་།།དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུའི་སྟོབས།། བདེན་པའི་མཐུ་ལས་དྲུག་ལྡན་ཚེ་རིང་གཟུགས།། གང་དུ་མཆིས་འདིར་མི་ཤིས་རྒུད་པའི་ཚོགས།། སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡིན།། འཇིགས་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས།། ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད།། གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི།། བདེན་ཚིག་དེ་བཞིན་བསམ་དོན་ལྷུན་གྲུབ་ཤོག། ཅེས་གསུངས་པའི་རྒྱུ་མཚན་དག་ལ་བརྟེན་ནས་རི་མོ་དེ་རིགས་ཁྱིམ་དུ་འབྲི་སྲོལ་བྱུང་བའོ། །

(༢)མཐུན་པ་སྤུན་བཞི། སྡོད་ཁང་གི་བར་འཁྱམས་དང་གྱང་ལྡེབས་སུ་ཤིང་སྡོང་ཆེན་པོ་ཞིག་གི་འགྲམ་དུ་གླང་ཆེན་གྱི་སྟེང་དུ་སྤྲེའུ་དང་། སྤྲེའུ་སྟེང་དུ་རི་བོང་། རི་བོང་གི་སྟེང་དུ་བྱ་སྲེག་པ་བཅས་རྩེག་མར་གནས་པའི་རི་མོ་འདིའང་རྒྱུན་དུ་མཐོང་ཐུབ། དེ་ནི་རྒྱ་གར་ནས་བོད་དུ་དར་བ་སྟེ་སྔོན་རྒྱ་གར་གྱི་ཡུལ་ཀ་ཤི་མཛེས་ཀ་ཞེས་བྱ་བའི་ནགས་ཚལ་སྟུག་པོ་ཞིག་ན་བྱ་སྲེག་པ་དང་། རི་བོང་། སྤྲེའུ་གླང་ཆེན་བཅས་བཞི་པོ་མཛའ་མཐུན་བརྟན་ཅིང་འགྱུར་བ་མེད་པར་བདེ་བར་འཚོ་ཞིང་གནས་པའི་སྐབས་སུ་ཉིན་ཞིག་ཁོ་ཚོ་འདི་ལྟར་གནས་པའི་ཚེ་རྒན་གཞོན་གྱི་གོ་བབ་ཇི་ལྟར་བྱེད་དགོས་མི་ཤེས་ན་མི་འགྲིག་པས། ན་སོ་རྒན་གཞོན་ངེས་པར་ཤེས་པ་བྱ་དགོས་ཞེས་གྲོས་བྱས་པ་ན་བྱ་སྲེག་པས་ཤིང་རྣྱ་གྲོ་ངྷའི་སྡོང་བོ་ཞིག་བསྟན་ནས་ཤིང་འདི་མཐོང་མཁན་དང་ཤེས་མཁན་སུ་ཡོད་ཅེས་དྲིས་བས། གླང་ཆེན་གྱིས་ངས་ཤིང་སྡོང་མཐོང་བའི་སྐབས་སུ་ཤིང་འདི་ངའི་ལུས་དང་མཉམ་པ་ཞིག་འདུག་ཅེས་བཤད། རི་བོང་གིས་ཀྱང་ཐོག་མར་རང་གིས་མཐོང་སྐབས་རང་གི་ལུས་དང་མཉམ་པ་ཞིག་འདུག་ཅེས་བཤད། སྤྲེའུ་ངས་ཤིང་འདི་ཐོག་མར་མཐོང་སྐབས་རང་གི་ལུས་དང་མཉམ་པ་ཡིན་ཚུལ་བཤད་ཅིང་། བྱ་སྲེག་པས་ངས་ས་བོན་ཟོས་ཏེ་ཕྱོགས་བཞིར་བྲིན་བོར་བ་ལས་ཤིང་འདི་སྐྱེས་པ་ཡིན་ཞེས་བཤད་པར་ཚང་མས་རྒན་གཞོན་ཅི་ཡིན་རྟོགས་ཤིང་དེ་ནས་བཟུང་རྒན་གཞོན་གྱི་གོ་བབ་བཟུང་སྟེ་བཀུར་སྟི་བྱེད་པ་དང་། ཤིན་ཏུ་མཐུན་པར་གནས་པ་མ་ཟད་སྲོག་མི་གཅོད་པ་དང་། གཞན་གྱི་ནོར་མི་འཕྲོག་པ། འདོད་ལོག་མི་སྤྱོད་པ། རྫུན་མི་སྨྲ་བ། མྱོས་འགྱུར་མི་འཐུང་བ་བཅས་བསླབ་པའི་གཞི་ལྔ་ལ་གནས་པས་ཡུལ་དེར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཏོག་འཕེལ་བ་སོགས་བྱུང་བས་ཡུལ་དེའི་རྒྱལ་པོ་དེས་ནི་ངས་རྒྱལ་སྲིད་ཆོས་བཞིན་བསྐྱངས་པའི་མཐུ་ཡིན་ཞེས་སྨྲ་ཞིང་བཙུན་མོ་དང་། བློན་པོ་སོགས་གཞན་གྱིས་ཀྱང་རང་རང་གི་མཐུ་ཡིན་ཞེས་སྨྲ་བ་ན། རྒྱལ་པོས་དོན་དམ་པ་སུ་ཡི་མཐུ་ཡིན་པ་བརྟག་དགོས་སྙམ་སྟེ། ལྟས་མཁན་བོས་ཏེ་དྲིས་ཀྱང་མ་ཤེས། མཐར་དྲང་སྲོང་མངོན་ཤེས་ཅན་ཞིག་ཡོད་པ་ལ་རྒྱལ་པོས་དྲིས་པས། དྲང་སྲོང་གིས་འདི་ནི་གཞན་གང་གི་མཐུ་མ་ཡིན་པར་ཡུལ་འདིར་སྲོག་ཆགས་བཞི་ཡོད་པ་དེའི་མཐུ་ཡིན་ཞེས་བཤད་པའི་ལོ་རྒྱུས་ལྟར་མཐུན་པ་སྤུན་བཞིའི་རི་མོ་འདི་ཁྱིམ་དུ་ཡོད་ན་ཁྱིམ་ཚང་བཀྲ་ཤིས་ཤིང་མཐུན་པོ་ཡོང་བའི་ཡིད་ཆེས་བྱས་ཏེ་རི་མོ་འདི་འབྲི་བཞིན་ཡོད་དོ། །

(༣)ཨ་ཙ་ར་གླང་ཁྲིད། ཁང་བའི་སྒོ་མཆོར་སོགས་ཀྱི་གྱང་ལྡེབས་སུ་རྒྱ་གར་བ་ཞིག་གིས་ནོར་བུ་རྒྱབ་ཏུ་བཀལ་བའི་གླང་ཆེན་ཞིག་ཁ་ནང་དུ་ཕྱོགས་ཏེ་ཁྲིད་ཡོང་བ་ཞིག་འབྲི་སྲོལ་ཡོད་པ་ནི་རྒྱུ་ནོར་ནང་དུ་འདྲེན་པའི་རྟེན་འབྲེལ་ཡིན་ཅིང་། ཁྱིམ་དུ་རི་མོ་དེ་ཡོད་ན་རྒྱུ་ནོར་ལོངས་སྤྱོད་འཕེལ་བའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

(༤)སོག་པོ་སྟག་ཁྲིད། ཁང་བའི་སྒོ་མཆོར་འོག་གི་རྩིག་ལྡེབས་སོགས་སུ་སོག་པོ་ཞིག་གིས་སྟག་ཅིག་གི་སྐེ་ལ་ལྕགས་ཐག་བསྐོན་ནས་བཟུང་བསྡད་ཡོད་པ་ཞིག་འབྲི་སྲོལ་ཡོད་པ་དེ་ལ་སོག་པོ་སྟག་ཁྲིད་ཅེས་བརྗོད་ཅིང་རི་མོ་དེ་ཡོད་ན་སྤྱིར་བཏང་ཕྱི་ནས་ཡོང་བའི་གནོད་འཚེའི་རིགས་འགོག་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། བཤད་སྒྲོས་གཞན་ཡང་ཡོད་པ་གཞན་ལས་ཤེས་པར་བྱ།

(༥)ཉི་ཟླ་དང་གཡུང་དྲུང་། བོད་རིགས་ཀྱི་ཁང་བའི་ཕྱི་སྒོའི་གཡས་གཡོན་ནམ་ཡང་ན་སྒོའི་མེ་ལོང་གི་ངོས་སུ་ཉི་ཟླ་དང་། གཡུང་དྲུང་གི་རི་མོ་འབྲི་སྲོལ་ཡོད་པ་དེ་ནི་ཉི་མ་གཟི་བརྗིད་ཆེ་བ་དང་། ཟླ་བ་ཚེས་པ་ནི་ཡར་ངོའི་ཟླ་བ་ཡིན་པས་ཚེ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། གཡུང་དྲུང་ནི་བརྟན་ཅིང་འགྱུར་བ་མེད་པའི་མཚོན་བྱེད་ཡིན་ཏེ། ཚེ་མི་འགྱུར་གཡུང་དྲུང་ལྟར་བརྟན་པ་ཞེས་བརྗོད་པ་དང་། མདོར་དྲིལ་ན་ཚེ་རིང་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་མཚོན་པ་ཡིན། གཞན་ཡང་དགོན་པ་དང་ཕོ་བྲང་དུ་སྡོམ་བརྩོན་དམ་པའི་རི་མོ་འབྲི་བའི་སྲོལ་ཡང་ཡོད་ལ་དེ་ནི་གྲུབ་མཐའི་ལྟ་བ་དང་ཤེས་རིག་གི་མཚོན་དོན་གཙོ་ཆེ་བས་གྲོང་གསེབ་ཏུ་དར་མི་ཆེ་ལ། རུང་མི་རུང་གི་བཤད་པའང་མང་། བཀྲ་ཤིས་རྟགས་བརྒྱད་ནི་ཁང་པ་དང་རྒྱན་གོས། སྣོད་ཆས་སོགས་གང་ལའང་ཁྱབ་པའི་བོད་ཀྱི་རི་མོ་ཞིག་གོ། །

(༦)རྣམ་བཅུ་དབང་ལྡན། འདི་ནི་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་པར་བཤད་པས་ཆ་ཚང་བར་བརྗོད་དཀའ་མོད། ཡོངས་གྲགས་སུ་ཧཀྵམལཝརཡཾ་ཞེས་པའི་ཡི་གེ་བདུན་དང་། ཡི་གེ་གཟུགས་འགྱུར་བའི་རྗེས་སུ་སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་པར་བྱེད་པའི་ནྰ་ད་བཅས་ཡི་གེ་རྣམ་པ་བཅུ་བརྩེགས་མར་གནས་པ་ཞིག་ཡིན། ད་ལྟ་འགོད་བཞིན་པ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་དབུ་ཅན་ལྟར་བྲིས་པ་ཞིག་ཡིན། དེའི་མཚོན་དོན་ནི་འཇིག་རྟེན་ཁམས་ལ་སྦྱར་ན། ཡ་ནི་རླུང་གི་ཁམས་དང་། ར་རིའི་ཁམས། ཝ་ཆུའི་ཁམས། ལ་སའི་ཁམས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱི་སྙིང་པོའམ་མཚོན་བྱེད་ཡིན། མ་ནི་འདོད་ཁམས་དང་། ཀླུ་ནི་གཟུགས་མེད་ཀྱི་ཁམས་ཏེ་ནང་བཅུད་ཀྱི་སེམས་ཅན་གྱི་ས་བོན་ནམ་མཚོན་བྱེད་ཡིན། ཧ་ནི་ཐུགས་དཀྱིལ་གྱི་ལྷ་རྣམས་མཚོན་བྱེད་ཡིན། སྣ་ལྡན་ཟླ་ཚེས་ནི་སེམས་ཅན་གྱི་སྲོག་དང་། ཐིག་ལེ་ནི་སེམས་ཅན་གྱི་དྲོད་མཚོན་བྱེད་ཡིན། ན་ད་ནི་སྲོག་གི་ཨ་ཡིག་ནམ་མཁའ་སྟོང་བའི་ཁམས་མཚོན་བྱེད་ཡིན། དེའི་ཚོན་མདོག་ནི་ལོག་གི་འབྱུང་རིམ་བརྩེགས་བཞི་ནི་སོ་སོའི་རང་མདོག་སྟེ་ཨ་ལྗང་ཁུ་དང་། ར་དམར་པོ། ཝ་དཀར་པོ། ལ་སེར་པོ། མ་འདོད་པའི་ཁམས་ཀྱི་འདོད་ཡོན་སྣ་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན། གླ་གཟུགས་ཁམས་མཚོན་པའི་དཀར་པོ།ཧ་གཟུགས་མེད་ཁམས་མཚོན་པའི་སྔོན་པོ། ཟླ་ཚེས་སྣ་ལྡན་ནི་སྲོག་ཟླ་བའི་ཁམས་དཀར་པོ། ཐིག་ལེ་ནི་དྲོད་ཉི་མའི་ཁམས་དམར་པ། ན་ད་ནམ་མཁའི་ཁམས་སྔོན་པོ་ཡིན། འདི་ནི་ཁམས་གསུམ་གྱི་འཇིག་རྟེན་སྣོད་བཅུད་ཐམས་ཅད་བསྡུས་པའམ་མཚོན་བྱེད་ཡིན་པས་འདི་ཁང་སྟེང་དུ་བཀལ་བ་དང་གྱང་ལྡེབས་སུ་བྲིས་ན་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་བཀྲ་ཤིས་པར་བྱེད། གཟའ་སྐར་ངན་པའི་གནོད་པ་ཐམས་ཅད་བཟློག་ནས་གནོད་པ་སྲུང་། ཁྱིམ་དུ་བཞག་ན་རྐྱེན་ངན་དང་བར་ཆད་སྲུང་སྟེ་དགེ་ཞིང་བཀྲ་ཤིས་པར་བྱེད་པ་སོགས་ཀྱི་ཕན་ཡོན་ཡོད་པར་བརྟེན། བོད་ཀྱི་ཡུལ་གྲུ་ཧྲིལ་བོ་ནས་ཁང་སྟེང་དང་། གཙུག་ལག་ཁང་སོགས་ཀྱི་གྱང་ངོས་སུ་འབྲི་སྲོལ་ཡོད།

(༧)སེང་གེ། ང་ཚོ་བོད་པའི་ངག་རྒྱུན་དུ་རི་དྭགས་ཀྱི་རྒྱལ་པོ་ཞེས་སུ་འབོད་པའི་སེང་གེ་ནི་འོ་འཐུང་སྐོར་གྱི་ཤ་གཟན་སྡེར་མོ་ཅན་གྱི་སྲོག་ཆགས་ཤིག་རེད། དེ་ནི་གཟུགས་སྟོབས་ཆེ་ཞིང་མགོ་བོ་ཆེ་ལ། ལུས་ཡོངས་ཀྱི་སྤུ་མདོག་སེར་སྐྱ་ཡིན་པ་དང་། ཕོའི་མགོ་ནས་སྐེའི་བར་རལ་བ་ཡོད་པ་དང་། དཔུང་བ་གཡས་གཡོན་གཉིས་དང་རྔ་མའི་རྩེ་བཅས་སུ་སྤུ་ཚོམ་རེ་ཡོད། དེས་མི་འཇིགས་པ་མཚོན་སྟབས་བོད་ཀྱི་དགོན་པའི་ལྷ་ཁང་དང་གྲོང་བའི་མཆོད་ཁང་སོགས་སུ་སེང་གེའི་རི་མོ་ཅི་རིགས་འབྲི་ཞིང་། སེང་གེའི་སྣང་བརྙན་བཞེངས་ཏེ་ས་དགྲ་འགོག་པ་སོགས་མཚོན་དོན་མི་འདྲ་བ་ཡོད་པས་ལྡེབས་རིས་སོགས་སུ་འབྲི་བའི་སྲོལ་ཡང་སྔ་མོ་ནས་ཡོད།

(༨)ཙི་མགོ། ཙི་མགོ་ནི་བོད་ཀྱི་སྒྱུ་རྩལ་དུ་ཁྲབ་རྨོག་ཕུབ་གསུམ་དང་། དྲིལ་བུ། ཚོམས་ཆེན་གྱི་ཀ་འཕན། སྒོ་དང་གདུང་མ། ཀ་བ་བཅས་སུ་འབྲི་བའི་རྒྱུན་མཐོང་གི་རི་མོ་ཞིག་རེད། རི་མོ་དེ་ལ་དེ་འདྲའི་མཐོང་ཆེན་བྱེད་དོན་ནི། སྲོག་ཆགས་དེའི་གཏུམ་དྲེགས་དང་སྟོབས་ཤུགས་ལ་འགྲན་ཟླ་འབྲལ་བས་དབང་ཕྱུག་གིས་ཀྱང་རང་གི་སྒོ་སྲུང་དུ་བསྐོས་པར་བརྟེན། ཀུན་གྱིས་ཁྱིམ་གྱི་གནོད་འགོག་དང་སྒོ་སྲུང་དུ་འབྲི་བའི་སྲོལ་དར་བ་རེད། གོང་དུ་བརྗོད་པ་ལས་རི་མོ་རེ་གཉིས་མ་གཏོགས་གཞན་དག་ནི་ཕྱི་ནས་ནང་འདྲེན་བྱས་པར་མངོན་ཞིང་ཆོས་ལུགས་དང་རིག་གནས་ཀྱི་ནང་དོན་ཡང་གཏིང་ཟབ་ཅིང་ད་ལྟ་བོད་ཀྱི་བརྐོས་རིས་དང་གྱང་རིས་རིག་གནས་ཀྱི་མཚོན་དོན་དུ་གྱུར་ཡོད་པ་ལགས་སོ། །

༢.སྡོད་ཁང་གི་རིན་ཐང་།

སྡོད་ཁང་ནི་མི་རྣམས་ཀྱི་བསམ་གཞིག་དང་བློ་གྲོས་ཀྱི་ཉིང་བཅུད་ལ་བརྟེན་ནས་བསྐྲུན་པའི་མིག་མཐོང་ལག་ཟིན་གྱིས་གྲུབ་འབྲས་བླ་ན་མེད་པ་ཞིག་ཡིན། དེས་རིག་གནས་ཞིབ་འཇུག་གི་ཁྲོད་ནུས་པ་གལ་ཆེན་ཞིག་འདོན་བཞིན་ཡོད་པར་མ་ཟད་རང་ཉིད་ཞིབ་འཇུག་དང་རིག་གནས་སྣ་མང་ཤེས་རྟོགས་ལའང་ཕན་ནུས་མི་དམན་པ་ཐོན་ངེས་ཏེ། དཔེར་ན། རིག་གནས་དང་རིག་གནས་ཀྱི་བར་ཁྱད་དང་། མི་དང་མིའི་བར་ཁྱད། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར་

ཁྱད་ཕྱེ་ནུས་ཤིང་། རིག་གནས་ཤིག་གི་བརྒྱུད་སྤེལ་དང་འཕེལ་རྒྱས། གསོག་འཇོག། གཅིག་ལ་གཅིག་འབྲེལ་གྱི་རྣམ་པ་སོགས་ཕྱོགས་མང་པོ་ཞིག་མངོན་ཐུབ་ཀྱི་ཡོད་དེ།

(༡)སྡོད་ཁང་དང་མི་ཚེ། གཏམ་དཔེར་འཛུལ་ཁང་ཕུབ་ན་སྒལ་རུས་ཕུད་དགོས་ཞེས་སྡོད་ཁང་ལས་པ་ནི་མི་ཚེ་ཡི་བྱ་བ་གལ་ཆེན་ཞིག་དང་བརྩོན་པ་ངེས་པར་བསྐྱེད་དགོས་པའི་དོན་དུ་བརྗོད་ཡོད་ལ། མི་ཞིག་གི་ཁྱིམ་གཞི་གསར་དུ་བཙུགས་ཅེས་པའང་མགོ་ལ་སྦྲ་དང་སྒོ་ལ་རྒྱུ། ཞེས་ཁང་ཁྱིམ་གསར་བ་ཞིག་བཙུགས་པ་བརྟེན་ནས་མགོ་རྩོམ་ཞིང་། སྡོད་ཁང་ནི་མི་རྣམས་ཀྱི་ལུས་སེམས་གཉིས་ཆའི་གནས་མལ་ཡིན་ལ། བུ་སྲིད་དང་། རྒྱུ་ནོར། འཚོ་བའི་ལོངས་སྤྱོད་མཐའ་དག་གི་རྟེན་ཡང་བྱེད་དོ། །

(༢)སྡོད་ཁང་དང་རིག་གནས། སྡོད་ཁང་ནི་རང་བྱུང་ཁོར་ཡུག་གི་ཆོས་དང་རིག་གནས་གཉིས་མཉམ་འདུས་ཀྱི་ཐོན་དངོས་ཤིག་སྟེ། སྡོད་ཁང་གི་རྒྱུ་ཆ་འདེམས་པ་དང་། གཡས་གཡོན་མདུན་རྒྱབ་ཀྱི་བཀོད་སྒྲིག །མ་ཁང་ཧྲིལ་བོའི་བཟོ་ཇུས་ཚང་མ་རང་རང་ས་ཁུལ་གྱི་རང་བྱུང་ཁོར་ཡུག་གི་བབ་དང་བསྟུན་དགོས་པའི་རང་བྱུང་རིག་གནས་ཀྱི་ཆ་ཞིག་དང་། འགྲོ་བ་མིའི་དགའ་སྐྱོ་ཆགས་སྡང་དང་གོམས་སྲོལ་ཉིད་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ཆ་ཡང་ལྡན་པས་ན། སྡོད་ཁང་ནི་རིག་གནས་ཀྱི་ཕུང་བོ་ཞིག་གམ་བསམ་བློ་འདུ་ཤེས་ཀྱི་སྣང་བརྙན་གསལ་བའི་མེ་ལོང་རེད། དཔེར་ན། དགོན་པ་དང་ཕོ་བྲང་དག་གི་གཡས་གཡོན་མདུན་རྒྱབ་ཀྱི་བཀོད་པ་དང་། ལྡེབས་རིས། ཀ་གདུང་གི་བརྐོས་རིས། རྒྱན་རིས་སོགས་མཚོན་དོན་ཅན་གྱི་རི་མོའི་རིག་གནས་ ཕུན་སུམ་ཚོགས་ལ། མི་སེར་དཀྱུས་མའི་ཁང་པའང་ས་དཔྱད་དང་། གནས་བབ་ཕན་འབྲས། ཡུལ་སྲོལ་ལྟར་རྨང་ཁང་ཧྲིལ་བོའི་དཀྱིལ་ནི་མགྲོན་ཁང་དང་། ལྷོ་རུ་མ་ཁང་། བྱང་དུ་མཆོད་ཁང་། ཤར་ལྷར་ཐབ་ཚང་། བྱང་ཤར་མཛོད་ཁང་ཞེས་རེ་རེ་བཞིན་གསལ་ཡངས་དང་། ས་དཔྱད། དད་མོས་སོགས་ཀྱི་དགེ་ཕན་ཕལ་ཆེར་ཡུལ་གྲུ་ཐམས་ཅད་འདྲ་མཚུངས་སུ་ཆགས་ཡོད།

(༣)སྡོད་ཁང་དང་སྤྱི་ཚོགས། སྡོད་ཁང་ནི་མིས་གསར་གཏོད་བྱས་ཤིང་མི་དང་མཉམ་དུ་གནས་ཡོད་ལ་མི་སྒེར་གྱི་རྒྱུ་ནོར་ཆེ་གྲས་ཤིག་ཀྱང་རེད། དེའི་ཕྱིར་སྡོད་ཁང་ལས་མི་སྒེར་གྱི་གནས་བབ་དང་ཐོབ་ཐང་ཡང་མཚོན་ཐུབ་སྟེ། དཔེར་ན། བོད་བཙན་པོའི་ཁོད་ཀྱི་ཕྱག་རྒྱ་དྲུག་གི་ནང་ཚན་དུ་རྒྱལ་པོ་གང་དུ་བཞུགས་སའི་ཡུལ་ཕྱག་རྒྱའམ་མཚོན་བྱེད་ནི་རྒྱལ་པོའི་སྐུ་མཁར་བཙན་པོ་རྣམས་ཡིན་ཞེས་དང་རྒྱལ་པོ་དམ་པའི་ཆོས་སྤེལ་བར་མཛད་པའི་ཆོས་རྟགས་ཀྱི་ཕྱག་རྒྱ་ནི་གཙུག་ལག་ཁང་ལ་སོགས་པའི་ལྷ་ཁང་གསར་དུ་བཞེངས་པ་རྣམས་ཡིན་ཞེས་བཀོད་ཡོད་པར་མ་ཟད། དམངས་ཁྲོད་དུ་རྒྱལ་པོའི་ཕོ་བྲང་དང་བླ་མའི་གཟིམ་ཁང་། དཔོན་པོའི་གཞིས་ཀ་དང་འབངས་ཀྱི་འཛུལ་ཁང་ཞེས་མིང་བཏགས་པ་ཙམ་གྱིས་ཀྱང་སྤྱི་ཚོགས་ཀྱི་གོ་གནས་དང་ཐོབ་ཐང་རིམ་པ་སོགས་གསལ་བོ་ཞིག་རྟོགས་ཐུབ་ལ། དེའི་གཞིས་ཀྱི་སྡོད་ཁང་གི་གཞི་ཁྱོན་དང་རིན་ཐང་ཆེ་ཆུང་ཡང་ཞོར་ནས་རྟོགས་ཐུབ་བོ། །


  • ལེ་ཚན་སྔོན་མ།:སྡོད་ཁང་དམངས་སྲོལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།