པདྨ་ནོར་བུས་བྲིས། 2022-02-15
རྡོ་བརྐོས་རིག་གནས་ནི་གནའ་ནས་ད་བར་མི་རབས་མང་པོས་བརྒྱུད་འཛིན་བྱས་པའི་ལག་ཤེས་རིག་གནས་ཤིག་དང་ཆོས་དད་མང་ཚོགས་ཀྱི་སེམས་ནང་གི་དད་པ་གལ་ཆེན་ཞིག་ཡིན། རྡོ་བརྐོས་རིག་གནས་ཀྱིས་གདོད་མ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བདེན་དོན་བརྒྱུད་འཛིན་དང་། དུས་རབས་ཀྱི་འཕོ་འགྱུར་ཁྲོད་དུ་ཆོམ་རྐུན་སོགས་ལ་མི་ཤོར་བ་བདེན་དོན་གྱིས་བརྡར་ཤ་གཅོད་པའི་ལོ་རྒྱུས་ཀྱི་རྡོ་རིང་བརྟན་པོ་ཞིག་ཀྱང་ཡིན།
རྡོ་བརྐོས་རིག་གནས་ལ་གནའ་རབས་ཡི་གེ་མ་བྱུང་བའི་སྔོན་གྱི་གཟུགས་མཚོན་འདྲ་གཟུགས་རྡོ་བརྐོས་དང་། ཡི་གེ་བྱུང་བའི་རྗེས་ཀྱི་རྡོ་བརྐོས་ཡི་གེའི་དུས་རབས་ཞེས་དུས་ཚིགས་མི་འདྲ་བ་གཉིས་ཀྱི་དཀྱོགས་མཚམས་དབྱེ་ཆོག
འཛམ་གླིང་རིག་དངོས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འདྲ་བར། བོད་པའི་རྡོའི་རིག་གནས་ཀྱི་འཕེལ་རིམ་ལ་དམའ་རིམ་ནས་མཐོ་རིམ་གྱི་སྐས་ཐེམ་ཞིག་བརྒལ་ཡོད་པ་ཤེས་ཐུབ།
༡ རྡོ་ཡི་རིག་གནས་སྤྱི་བཤད་པ།
གཟུགས་མཚོན་རི་མོ་ཞེས་པ་ནི་རྡོ་ངོས་སུ་གཟུགས་མཚོན་རི་མོ་བྲིས་ནས་མི་དང་མིའི་བར་དུ་གོ་བརྡ་སྤྲོད་པའི་ཐབས་ཤེས་ཤིག་ལ་གོ་དགོས། དུས་རབས་གང་འདྲ་ཞིག་ནས་རིགས་ལམ་འདི་འདྲ་ཞིག་དར་ཡོད་པ་ཁ་ཚོད་ཆོད་པོས་བཤད་དཀའ་ནའང་། ཕལ་ཆེར་རྡོ་ཆས་རྙིང་པའི་དུས་མཇུག་ཙམ་ནས་མི་དང་མིའི་བར་དུ་གོ་བརྡ་སྤྲོད་པའི་ཐབས་ཤེས་སུ་རིགས་ལམ་འདི་འདྲ་ཞིག་དར་ཡོད་པ་མིན་འགྲོ་སྙམ། མིའི་འཚོ་བ་དང་རྡོ་ཆས་བར་དུ་འབྲེལ་བ་ཟབ་པའི་དུས་རབས་དེར། རྡོ་ཡིས་ལག་ཆ་བྱས་ནས་མི་ལོ་བརྒྱ་སྟོང་མང་བོར་རྡོའི་རིག་གནས་ལ་མྱོང་རོལ་བྱས་པའི་བརྒྱུད་རིམ་ཁྲོད་དུ། གསེར་དངུལ་ཟངས་ལྕགས་སོགས་ཞུ་བའི་ཁམས་ཀྱི་རིན་པོ་ཆེ་བཞུ་བཏུལ་དང་། གཡུ་བྱུར་སོགས་མ་ཞུ་བའི་ཁམས་ཀྱི་རིན་པོ་ཆེ་རྡོའི་སྙིང་བཅུད་དུ་གྲུབ་ཡོད་པར་རྟོགས་པ་ནས། མི་དང་གཏེར་དངོས་བར་གྱི་རྒྱུས་ལོན་གཏིང་ཟབ་ཏུ་སོང་ཡོད་པ་རྟོགས་སླ། དེ་ནས་རིམ་པར་རྡོ་ཆས་དུས་རབས་ནས་ལྕགས་ཆས་དང་ལི་ཆས་སྤྱོད་པའི་དུས་རབས་ཀྱི་མགོ་བརྩམས་ཏེ། རིག་བྱེད་དུས་རབས་སམ་རིག་ལམ་གྱི་རྨང་གཞི་འདིང་བའི་སོ་མཚམས་སུ་སླེབས་པ་ནས། མི་རྣམས་ཀྱིས་རྡོ་མཆིག་གིས་བཟའ་ཆས་ཞིབ་འཐག་བྱེད་པ་དང་། རྡོ་ཁབ་ལ་མིག་ཁུང་ཕུག་པ། རྡོ་ཡི་སྟ་རེ་ལ་སོ་བརྡར་བ། རྡོ་མཁར་བརྩིགས་ནས་སྡོད་ཁང་ལས་པ་སོགས་རྡོ་ཆས་ཀྱི་དུས་རབས་སྔོན་མ་དང་བསྡུར་ན་ཅུང་འཐུས་ཚང་གི་འཚོ་བ་ཞིག་ཆགས་ཡོད་པ་རེད། དེ་བཞིན་རྡོ་ཡི་རིགས་ལ་གཡའ་རྡོ་དང་བྲག་རྡོ། ཕ་བོང་སོགས་ཀྱི་དབྱེ་བ་ཕྱེས་ཡོད་པ་མ་ཚད། རྡོའི་རང་བཞིན་དང་ཁ་དོག་མི་གཅིག་པ་ལ། འཛེང་རྡོ་དང་། ཅོང་ཞི། དཀར་གོང་། སྦལ་རྒྱབ། མདུང་རྩེ། ཁབ་ལེན་རྡོ་སོགས་རྡོའི་ངོ་བོ་སྲ་སྙི་དང་རང་བཞིན་མི་མཐུན་པའི་དབྱེ་བ་མང་བོ་ཕྱེས་ཡོད་པ་སོགས་ནི་དགོས་དབང་གིས་སྤྱི་བཤད་ཙམ་བཀོད་པ་ཡིན།
༢ བྲག་རྡོའི་ངོས་ཀྱི་གཟུགས་མཚོན་རི་མོ་དང་བརྐོས་རིས།
མིའི་རིགས་ཀྱིས་མེ་བཀོལ་སྤྱོད་ཤེས་པ་ནས་སོལ་བས་རྡོ་ཐོག་ཏུ་གཟུགས་རིས་འབྲི་བའི་གོམས་གཤིས་ཤིག་དར་ཡོད་པ་ཤེས་གསལ་ལྟར་ཡིན་ཀྱང་། སོལ་བས་བྲིས་པའི་རི་མོ་དག་སླ་བས་ལོ་རྒྱུས་དཔྱད་གཞི་ཡི་གནས་སུ་མ་འགྱུར་ལ། དེ་བཞིན་རྡོ་ཆས་གསར་རྙིང་གི་དུས་སུ་རྡོ་ཐོག་རྡོ་ཡིས་བྲིས་པའི་གཟུགས་རིས་སོགས་ཡོད་སྲིད་ཀྱང་དེའང་ང་ཚོས་མཐོང་ཐུབ་པའི་རི་མོའི་གྲས་སུ་མ་འདུས། ང་ཚོས་མཐོང་ཐུབ་པ་ནི་ལྕགས་ཆས་དང་ལི་ཆས་སྤྱོད་པའི་དུས་རབས་སུ་བྲིས་པའི་འབུར་གཟུགས་རྡོ་བརྐོས་གཟུགས་རིས་དེ་དག་ཡིན་སྲིད། ལྕགས་དང་ལི་ཡིས་བྲག་རྡོའི་ངོས་སུ་གཤོང་འབུར་བརྐོས་ནས་གཟུགས་བརྙན་བྲིས་པ་ནི་མིག་སྔར་ང་ཚོའི་དཔྱད་གཞི་ཡིན་པའི་གཟུགས་མཚོན་རི་མོ་དེ་དག་ཡིན་སྲིད། ལོ་རྒྱུས་ཞིབ་འཇུག་སྨྲ་བ་ཁག་གཅིག་གིས་ཞིབ་འཇུག་གི་འབྲས་རྟགས་བཀོད་པ་ལ་གཞིགས་ན། ཐོག་མའི་གཟུགས་མཚོན་རི་མོ་ནི་རྟ་ཟོག་དང་། མི་སོགས་སྲོག་ཆགས་རིགས་ཀྱི་གཟུགས་བརྙན་དང་། སྟག་སེང་ཁྱུང་འབྲུག་སོགས་འབྱུང་བ་མཚོན་པའི་རླུང་རྟ་སྡེ་བཞི་བྲིས་ཡོད་པ་མང་། དེ་ནས་རིམ་པར་རིག་བྱེད་དམ་ཡི་གེ་དར་བའི་དུས་རབས་ནས་བྲག་རྡོའི་ངོས་སུ་ཡི་གེ་འབྲི་བའི་བསྟན་པ་ཞིག་དར་ཡོད་ཚོད་འདུག
༣ རིག་བྱེད་དུས་རབས་ནས་ཡི་གེ་རྡོ་ལ་བརྐོ་བའི་རིག་ལམ་དར་བ།
རིག་བྱེད་དུས་རབས་ཟེར་བའི་ཐ་སྙད་འདི་ནི་གནའ་རབས་རྒྱ་གར་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་བྱུང་བའི་ཐ་སྙད་ཅིག་ཡིན་ཀྱང་། བོད་པའི་ལོ་རྒྱུས་ཀྱི་གླེང་སྟེགས་རིང་མོའི་ཁྲོད་དུ་ཐོག་མའི་རྣམ་རྟོག་གི་འདུ་ཤེས་ནས་སྐད་ཡིག་གིས་གོ་བརྡ་སྤྲོད་ཤེས་པའི་བར་དུ་དུས་ཡུན་ངེས་ཅན་ཞིག་དང་། རིག་ལམ་འབྱེད་པའི་ངེས་ཤེས་གཏིང་ཟབ་ཞིག་གི་གོ་རིམ་སོང་ཡོད་སྟབས། སྐད་ཆའི་བརྡ་དོན་རྣམས་ཡི་གེ་རུ་འགོད་པའི་དུས་རབས་དེ་ལ་རིག་བྱེད་དུས་རབས་ཞེས་བཏགས་ཀྱང་མི་ཆོག་པ་ཆེར་མེད་པ་འདྲ།
1མི་རིགས་གཞན་པའི་རྡོ་བརྐོས་རིག་གནས་སྐོར་ཕྱོགས་ཙམ་གླེང་བ།
ཡི་གེ་རྡོ་ལ་བརྐོས་པའི་རིག་ལམ་ནི་བོད་ཡུལ་ཁོ་ན་ཙམ་མ་ཡིན་པར་རྒྱ་གར་ལྷོ་ཕྱོགས་དང་། རྒྱ་ནག་སོགས་སུ་གནའ་ནས་རྡོ་བརྐོས་ཡི་གེ་འདི་ཡོད་པ་ཞིག་རེད་འདུག་ཅེས་རྐྱ་རྐོང་རིག་འཛིན་མཐར་ཕྱིན་གྱིས་བཤད་བྱུང་། ད་དུང་རྒྱ་ནག་གི་རྒྱལ་རབས་ག་གེ་མོ་ཞིག་གི་དུས་སུ་བཀའ་འགྱུར་རྡོ་ལ་བརྐོས་ནས་ས་འོག་ཏུ་ལོ་མང་དུ་སྦས་པ་རེད་ཅེས་པའི་སྐད་ཆ་ལ་ཉན་ན་རྡོ་བརྐོས་རིག་གནས་འདི་ནི་ས་ཕྱོགས་དང་མི་རིགས་མི་གཅིག་པའི་ས་གནས་གང་སར་དར་ཡོད་པ་ཞིག་རེད་འདུག
2བོད་ཡུལ་དུ་གསུང་རབ་རྡོ་ལ་བརྐོས་པའི་བསྟན་པ་དར་ཚུལ།
ནང་བསྟན་བོད་དུ་དར་བ་ནས་སངས་རྒྱས་ཀྱི་གསུང་རབ་རྣམས་རྡོ་ཐོག་ཏུ་བརྐོས་ནས་སྐུ་གསུང་ཐུགས་གསུམ་གྱི་རྟེན་ལས་སྐུ་དང་གསུང་གི་རྟེན་དུ་བཞག་སྲོལ་ཡོད་པ་རེད། སྲོང་བཙན་སྐབས་སུ་སློབ་དཔོན་ཐོན་མིས་མ་ཎི་རྡོ་ལ་བརྐོས་པ་ད་དུང་མཇལ་རྒྱུ་ཡོད་ཚུལ་དང་། དེ་བཞིན་རྡོ་ལེབ་ངོས་སུ་ལྷ་སྐུ་དང་། གཡའ་རྡོའི་ངོས་སུ་མ་ཎི་སོགས་བརྐོས་པ་བཅས་ཀྱིས་རྡོ་བརྐོས་རིག་གནས་ཀྱི་བསྟན་པའི་རྨང་གཞི་བཏིང་ཡོད་པ་འདྲ། ལྷག་པར་དུ་བསྟན་པ་ཕྱི་དར་གྱི་རྗེས་སུ་བོད་ཡུལ་གྱི་ས་ཆ་གང་སར་མ་ཎི་རྡོ་འབུམ་དང་། བྲག་རྡོའི་ངོས་སུ་འབུར་མ་བརྐོས་རིས་སོགས་ཀྱི་སྲོལ་རྒྱུན་དེ་དར་ཁྱབ་ཆེན་པོ་སོང་ཡོད་པ་རེད། དུས་རབས་བཅུ་དྲུག་ནས་ཉི་ཤུའི་བར་དུ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱིས་རྫ་སྟོད་མ་མོའི་ཐང་དུ་དཔལ་དགེའི་རྡོ་རིང་མར་གྲགས་པའི་དཔལ་དགེ་མ་ཎི་དང་། མུ་ར་སྐུ་ཕྲེང་གསུམ་པ་པདྨ་བདེ་ཆེན་བཟང་པོས་བཞེངས་པའི་མུ་རའི་མ་ཎིའི་རྡོ་མཁར། རྒྱ་ནག་མ་ཎི་སོགས་ཀྱང་དུས་རབས་བཅུ་དྲུག་དང་། བཅུ་བདུན། བཅོ་བརྒྱད་བཅུ་དགུའི་ནང་ཚན་དུ་བཞེངས་ལུགས་ལ་བལྟས་ན། དུས་དེར་མ་ཎི་རྡོ་ལ་བརྐོ་བའི་བསྟན་པ་ཤེས་ཆེར་དར་ཡོད་པ་ཤེས་སླ།
3མདོ་ཁམས་རྫོགས་ཆེན་ཡུལ་དུ་མ་ཎི་རྡོ་འབུམ་དང་རྡོ་བརྐོས་ཀྱི་བསྟན་པ་དར་ཚུལ།
ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས།
ཁམས་རྫོགས་ཆེན་ཡུལ་དུ་མ་ཎིའི་རྡོ་འབུམ་དང་། འབུར་བརྐོས་མ་ཎི། བྲག་རྡོའི་ངོས་ཀྱི་ལྷ་སྐུ། རྡོ་ལེབ་ངོས་ཀྱི་འབུར་རིས་སོགས་མང་པོ་ཞིག་མཇལ་རྒྱུ་ཡོད་ཀྱང་དེ་དག་རེ་རེ་བཞིན་འདི་དག་འདིས་བཞེངས་ཞེས་གསལ་བཤད་དཀའ་ནའང་།བཤད་སྲོལ་ལ་ཁམས་རྫོགས་ཆེན་ཡུལ་གྱི་མ་ཎིའི་རྡོ་འབུམ་ཐོག་མ་དེ་ནི། རོ་ཁུར་ཁུག་ལུང་ཤུར་འགྲམ་གྱི་རི་གདོང་དེར་ཡོད་པའི་མ་ཎིའི་རྡོ་འབུམ་དེ་ཡིན་ཞེས་ཟེར་སྲོལ་འདུག བོན་པོའི་དགོན་པ་ཞིག་ཞབས་ཆེན་ཐང་དུ་ཡོད་དུས། རོ་ཁུར་ཁུག་ནི་རོ་འཕེན་ས་ཡིན་པས་མིང་དེ་ལྟར་ཐོགས་པ་དང་། རོ་ཁུར་ཁུག་གི་རི་གདོང་དེར་དུར་ཁྲོད་ཀྱི་ཤུལ་ཡིན་ཟེར་བའི་ས་ཁོད་དམའ་ལ་སྙོམས་པ་ཞིག་ཡོད་ས་དེ་རུ་མ་ཎའི་རྡོ་ཕུང་ཞིག་ཡོད་པ་ནི་སྐབས་དེའི་དུར་ཁྲོད་ཤུལ་གྱི་མ་ཎི་ཡིན་ཞེས་ཟེར་སྲོལ་འདུག། ན་ནིང་ཁོམ་སྐབས་ཤིག་ལ་མ་ཎི་དེར་ལྟ་སར་སོང་ཡང་དེ་འདྲའི་རྙིང་ཉམས་དོད་པོ་ཞིག་ཡོད་པ་མ་མཐོང་།
དུས་རབས་བཅུ་བདུན་པའི་ནང་དུ་དཔོན་སློབ་སྐུ་ཕྲེང་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ལགས་ཀྱིས་མ་ཎི་རྡོ་ལ་བརྐོས་པ་དང་ས་ལ་ཚ་ཚ་བཏབ་པ་སོགས་ལོ་ལྟར་ཆག་མེད་མཛད་ཡོད་གསུངས་འདུག་ལ། 《རྫོགས་ཆེན་ཆོས་འབྱུང》ལས། ཚེ་འབུམ་སུམ་མདོར་གཟུངས་སྔགས་ཀྱི་རིགས་ས་ཡ་ལྔ་བཞུགས་པའི་རྡོ་འབུམ་དང་མཆོད་རྟེན་བཞེངས་ཞེས་པ་དང་།“ཚེ་འབུམ་སུམ་མདོའི་མ་ཎི་ཧ་ལ་མ།།འདི་ཡང་བླ་མ་ང་ཡིས་བཞེངས་པ་ཡིན།།”ཞེས་གསུངས་པ་ལ་གཞིགས་ན་ཁོང་གིས་མ་ཎི་རྡོ་ལ་བརྐོས་ནས་རྡོ་འབུམ་བརྩིགས་པ་དང་། ས་ལ་ཚ་ཚ་བཏབ་ནས་ཚ་ཁང་བཞེངས་པ། དེ་བཞིན་མཆོད་རྟེན་སོགས་སྐུ་གསུང་གཉིས་ཀྱི་མཛད་འཕྲིན་རྒྱས་པར་བསྐྱངས་འདུག
དུས་རབས་བཅོ་བརྒྱད་པའི་ནང་དུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་འམ་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་མཆོག་ཉིད་ཤྲཱི་སེང་བཤད་གྲྭའི་མཁན་པོ་མཛད་ནས་བཞུགས་དུས་བཞེངས་པར་གྲགས་པའི་ཤྲཱི་སེང་དཔལ་སྤྲུལ་མ་ཎི་དང་། གཤིན་རྗེ་སྒྲུབ་ཕུག་ཏུ་སྙིང་ཐིག་སྔོན་འགྲོ་ལ་རྒྱས་འགྲེལ་ཀུང་བཟང་བླ་མའི་ཞལ་ལུང་མཛད་ནས་བཞུགས་དུས་གཤིན་རྗེ་སྒྲུབ་ཕུག་དང་ཐག་མི་རིང་བའི་ལམ་འགྲམ་དེར་མ་ཎིའི་རྡོ་འབུམ་ཆུང་ཆུང་ཞིག་ཀྱང་བརྩིགས་འདུག
དེ་བཞིན་དཔོན་སློབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་ལགས་ཀྱིས་བཞེངས་པའི་གདོང་མདའི་མ་ཎི་སོགས་ཡོད་ལ། མ་ཎི་དཀར་རིས་དང་ཁྲ་རིས་སོགས་ཡོད་ཀྱང་དམ་པ་སུ་ཞིག་གིས་བཞེངས་པ་ཡིན་ཁ་བསལ་གྱི་ལོ་རྒྱུས་དང་ངག་རྒྱུན་བཤད་རྒྱུ་ཡོད་པ་མ་ཐོས།
༣༽ རྫོགས་ཆེན་བཀའ་འགྱུར་རྡོ་བརྐོས་དང་རྒྱ་ཀོང་རིག་འཛིན་མཐར་ཕྱིན།
རྒྱ་ཀོང་རིག་འཛིན་མཐར་ཕྱིན་ནི་བཀའ་འགྱུར་རྡོ་ལ་བརྐོས་པའི་མི་སྣ་རླབས་ཆེན་ཞིག་ཡིན། ཁམས་སྡེ་དགེའི་ལོ་རྒྱུས་ཡིག་ཚགས་ཁག་ཏུ་བཀའ་འགྱུར་ཤིང་ལ་བརྐོས་པའི་ལོ་རྒྱུས་ཤིག་ཡོད་ཀྱང་། བཀའ་འགྱུར་རྡོ་ལ་བརྐོས་པའི་ལོ་རྒྱུས་ཀྱི་སྟོང་ཆ་དེ་ཁོང་གིས་ཁ་བསྐངས་བྱས་ཡོད་པ་རེད། སྤྱི་ལོ2002ལོའི་ཟླ2པའི་ཚེས15ཉིན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གཙོ་བྱས་གཟུངས་སྔགས་དང་། རྡོ་སྐུ་སོགས་རྡོ་ལེབ་ངོས་སུ་བརྐོས་ནས་བཀའ་འགྱུར་རྡོ་མཁར་རྩིག་པའི་སྟ་གོན་གྱི་ཐོག་མའི་ཉིན་མོར། རྡོ་དཀར་པོ་ཞིག་གི་ཐོག་ཏུ་ཨ་ཡིག་དཀར་པོ་ཞིག་བརྐོས་ནས་རྟེན་འབྲེལ་གྱི་མཛད་སྒོ་བྱེད་པའི་སྐབས་དེར། མཁའ་ལ་འཇའ་འོད་ཀྱི་དྲ་བ་འབྲེལ་བའི་རྟགས་ཡ་མཚན་ཅན་བྱུང་ཞེས《རྫོགས་ཆེན་བཀའ་འགྱུར་ཚོགས་ཆེན་སྤྲིན་གྱི་ཞིང་སའི་ཡིག་ཆ》ཞེས་པའི་ནང་དུ་འཁོད་འདུག དེ་བཞིན་རྒྱ་ཀོང་རིག་འཛིན་མཐར་ཕྱིན་གྱིས་བཤད་པ་ལྟར་ན་རྒྱལ་བའི་བཀའ་འགྱུར་རྡོ་རྩིག་གི་བར་མཐོངས་རྣམས་སུ། རྒྱལ་བ་རིགས་ལྔ་དང་། བདེ་གཤེགས་སོ་ལྔ། ཉེ་བའི་སྲས་བརྒྱད། སྒྲོལ་མ་ཉེར་གཅིག་སོགས་ཞི་དང་ཁྲོ་བོའི་ལྷ་ཚོགས་བཞུགས་ཡོད་ལ། དེ་མིན་ཞབས་ཆུང་ལུང་པ་དང་། སྟག་མཛེས་ལུང་པ་སོགས་ཀྱི་བྲག་རྡོ་དང་ཕ་བོང་ངོས་སུ་སྐུ་གཟུགས་དང་ལྷ་སྐུ་མང་པོ་བརྐོས་པ་ནས་རིམ་བཞིན་ཁམས་རྫོགས་ཆེན་ཡུལ་དུ་བྲག་རྡོ་དང་ཕ་བོང་ངོས་སུ་སྐུ་གཟུགས་རྐོ་བའི་བསྟན་པ་ཤེས་ཆེར་དར་བ་རེད་ཅེས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཆར་གཏོགས་པའི་འབྲི་རྫ་ཟལ་མོ་སྒང༼ འདི་ལ་འབྲི་རྫ་དང་འབྲི་ཟླ་ཞེས་ཡི་གེ་འབྲི་སྲོལ་མི་འདྲ་བ་གཉིས་འདུག་ཀྱང་། ཟླ་ཆུ་ནི་ཟླ་སྟོད་ནས་བབས་ཏེ་རྫ་ཆུ་དང་འདྲེས་པའི་ཆུ་བོ་ཆུང་གྲས་ཤིག་ཡིན་སྟབས། འབྲི་རྫ་ཞེས་འབྲི་ཆུ་དང་རྫ་ཆུའི་མིང་དེ་ཡོངས་གྲགས་ལྟར་བྲིས་ན་འགྲིག་ཆེ་བར་འདུག ༽ རྒྱུད་ཀྱི་མ་འོངས་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཀྱང་ཡིན་ཞེས་བཤད་བྱུང་།
1ཐོག་མའི་བག་ཆགས་ཀྱིས་བཀའ་འགྱུར་རྡོ་ལ་བརྐོས་པའི་འདུ་ཤེས་སྐྱེས་པ།
རྒྱ་ཀོང་མི་རྒྱུད་ནི་གནའ་ནས་རྡོ་བརྐོས་སྒྱུ་རྩལ་ལ་དོ་སྣང་བྱེད་མཁན་ཞིག་ཡིན། དཔོན་སློབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་གྱིས་བཞེངས་པའི་གདོང་མདའ་མ་ཎི་རྡོ་མཁར་དང་། རྒྱ་ཀོང་ཁྱིམ་ཆེན་ཚང་གིས་ཁྱིམ་རྒྱུད་དཔོན་སློབ་སྐུ་ཕྲེང་ལྔ་བའི་སྲིང་མོ་ཡག་ཡག་མའི་ཁྱོ་ག་བསོད་ནམས་རྣམ་རྒྱལ་གྱི་སྐྱེ་རྟགས་ལ་བཞེངས་པའི་རྡོ་སྐུ་ཞིག་བརྐོས་ཡོད་པ་ནི། ད་ལྟ་དགོན་པའི་བྱང་ངོས་བྱང་རུས་པ་རྒྱལ་པོ་ཞེས་པའི་བྲག་རྡོ་དེའི་ཡ་ཟུར་ན་འདུག། དེ་དག་ནི་ཁྱིམ་རྒྱུད་དུ་རྡོ་བརྐོས་རིག་གནས་དར་བའི་མཚོན་རྟགས་ཤིག་རེད། དེ་བཞིན་ཆུང་དུས་ནས་རྫ་དཔལ་དགེ་རིན་པོ་ཆེས་དཔལ་སྤྲུལ་མ་ཎི་ཞེས་རྫ་སྟོད་མ་མོ་ཐང་དུ་མ་ཎིའི་རྡོ་མཁར་བཞེངས་པའི་ངག་སྒྲུང་ཞིག་སྟེ།སྐྱེས་པ་ཞིག་གིས་རང་གི་ཆུང་མའི་རྒྱན་གོས་ཀྱི་ཆེད་དུ། ཐབ་རྡོས་བརྒྱབ་ནས་ཆུང་མ་བསད་དེ་ཕུང་པོ་ཆུ་ནང་དུ་འཕེན་ཤུལ་ནས་རྫ་དཔལ་དགེ་རིན་པོ་ཆེས་རྒྱན་གོས་ཁྲག་དྲི་བྲོ་བ་དེ་ཁྱེར་ནས་མ་ཎི་རྡོ་ལ་རྐོ་བའི་མ་རྩ་བྱས་པ་རེད་བཅས་པའི་སྐད་ཆ་དེ་དག་གིས་སེམས་མགུ་ཚད་མེད་ཐེབས་མྱོང་། ཆུང་དུས་ནས་རྫོགས་ཆེན་དགོན་པའི་འཁྲིས་ལམ་དུ་ཡོད་པའི་དྲག་པོ་རྟ་ཁྱུང་འབར་བ་ཞེས་པའི་རྡོ་སྐུ་དེ་མཇལ་དུས། སྐབས་སྐབས་སུ་མིག་འབྱེད་འཛུམ་བྱེད་པའི་ཚོར་སྣང་བྱུང་ཞེས་ལབ་མྱོང་ཡོད། དེའི་འགྲམ་གྱི་བསྟན་པ་ཆུ་ཟུག་མ་དང་གུ་རུའི་རང་བྱོན་ཡོད་པའི་བྲག་རྡོ་དེ་དུས་འགྱུར་སྐབས་རང་བཞིན་གྱིས་དུམ་བུ་ཆད་ནས་རྡོ་ངོས་ཀྱི་སྐུ་མཐོང་དཀའ་བའི་དུས་སུ། རྒྱུན་པར་ས་ཁར་དང་བྲག་རྡོའི་བར་ནས་རྡོ་ངོས་ཀྱི་གཟུགས་སྐུ་མཇལ་བར་ཐེངས་རེ་གཉིས་ཙམ་མ་ཡིན་པར་ཐེངས་མང་བལྟས་པའི་རྐྱེན་གྱིས་བག་ཆགས་ཟབ་མོ་ཞིག་འཇོག་ཅེས་པ་དང་། ཡང་མུ་མཐུད་ནས་བཤད་རྒྱུར། ང་ཚོ་ཆུང་དུས་སྟག་མཛེས་མཚོ་ཁའི་སྟར་རུ་ཐང༼ འདི་ལ་རྟ་ར་ཐང་ཞེས་རྒྱ་ཚའི་རྟ་ར་ཡིན་ཞེས་ཟེར་སྲོལ་འདུག༽ དུ་རྡོ་འབུམ་ཆུང་ཆུང་ཞིག་ཡོད་པ་དེ་ཉིན་རེ་ཡར་བརྩིགས་ཀྱང་། ཕྱིན་ཉིན་ཟོག་གིས་མར་བཤིག་འགྲོ་གིན་འདུག དེ་བཞིན་ང་རང་ཆུང་དུས་ཤིག་ལ་དགོན་པའི་མར་ཕྱོགས་དུང་འཁོར་ཞབས་དེར་གེ་སར་ལྷ་ཁང་ཆུང་ཆུང་ཞིག་ཡོད་ལ། དེའི་ནང་དུ་གླིང་གི་དཔའ་ཐུལ་སུམ་ཅུའི་རྡོ་སྐུ་ཡོད་པ་དེ་དག་བྱིས་པ་ཚོས་རྩེད་སྤྱད་བྱས་པ་དྲན་གིན་འདུག ཆུང་དུས་ནས་རྡོ་ཐོག་གི་མ་ཎི་འབྲུ་རེ་རེ་ལ་དོ་སྣང་བྱེད་རྒྱུར་དགའ་པོ་ཡོད། ཐ་ན་གཡའ་རྡོའི་ངོས་སུ་ཡི་གེ་འབྲི་བ་སོགས་ཀྱི་རྩེད་མོ་བརྩེས་མྱོང་། དེ་ནི་བཀའ་འགྱུར་རྡོ་ལ་བརྐོ་བའི་བག་ཆགས་ཤིག་ཀྱང་ཡིན་ཞེས་བཤད།
2བཀའ་འགྱུར་རྡོ་ལ་བརྐོས་པའི་ལས་གཞི་དང་འབྲེལ་བའི་གཏམ།
བཀའ་འགྱུར་རྡོ་ལ་རྐོ་བ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། རྒྱུ་དང་འབྱོར་བ། ཐབས་དང་ཤེས་རབ། མི་དང་ལག་ཤེས་སོགས་རྒྱུ་རྐྱེན་ཆེ་ཕྲ་མང་པོ་ཞིག་འཛོམས་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན་ལ། དེ་ལས་ཀྱང་དཀའ་ཁག་ཆེ་བ་ནི་ས་གནས་དེ་གར་རྡོ་ལེབ་མེད་པའི་གནས་ཚུལ་འོག་ནས། ས་གནས་གཞན་དུ་རྡོ་འཚོལ་སར་འགྲོ་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན། འབམ་ཁོག་དང་། མཚན་ཁོག བ་ཁོག་སོགས་སུ་རྡོ་ལེབ་འཚོལ་སར་སོང་བ་དང་། རྡོ་ལེབ་ཡོད་ཀྱང་ཁུར་མི་ཆོག་པའི་གནས་ཚུལ་དང་འཕྲད་དེ་རྒྱ་ཀོང་གི་མི་སྣ་ཁག་གཅིག་གིས་ས་གནས་དེ་དག་ནས་རྡོ་ལེབ་གང་འདོད་དུ་ཁུར་ཆོག་པའི་ཐབས་ཤེས་བྱས་ཏེ། མཚན་ལ་ས་ཁར་གྱི་རྡོ་ལེབ་ཡོད་ཚད་ཁུར་ཡང་མི་འདང་བའི་གནས་ཚུལ་དང་འཕྲད་དེ་ཕྱིས་སུ་འཕྲུལ་ཆས་ཀྱིས་མི་བརྐོས་ཐབས་མེད་བྱུང་པ་ཞེས་དང་། བཀའ་འགྱུར་བརྐོ་བའི་གོ་རིམ་ནང་དུ་ལས་ཀ་ལ་ཞུགས་མཁན་མཚན་ཁོག་དང་། མཛིང་ཁོག ཁྲོ་ཁོག ལྷོ་བ་སོགས་ཀྱི་མི་ཡོད་ལ། དེ་དག་གི་འཚོ་བ་དང་རྡོ་བརྐོས་ལག་རྩལ་ཕྱོགས་ལ་ཕན་ཐོགས་ཕྲན་བུ་རེ་འབྱུང་ཡོད་རེད་ཅེས་བཤད།
བཀའ་འགྱུར་རྡོ་བརྐོས་ནི་ལས་གཞི་ཅུང་རྒྱ་ཆེ་བའི་ལས་ཀ་ཞིག་ཡིན་ཡང་། རྡོ་ལེབ་རེ་རེའི་ངོས་སུ་ཡིག་འབྲུ་རེ་རེ་བཞིན་གཟུང་དང་ཐོ་བས་བརྐོས་ནས། མ་ཡིག་དང་དཔྱད་བསྡུར་བྱས་ཏེ་དག་འདོན་བྱས་པ། ཡིག་འབྲུ་རེ་རེའི་གཏིང་ཟབ་ཚད་སོགས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ལས་གཞི་འདི་བསྒྲུབས་ཡོད། དེ་བཞིན་སྤུས་གཙང་ལ་གྲ་དག་པོར་བརྩེགས་པའི་བཀའ་འགྱུར་རྡོ་མཁར་འདིའི་ནང་དུ། རྒྱལ་བ་རིགས་ལྔ་དང་། བདེ་གཤེགས་སོ་ལྔ། སྒྲོལ་མ་ཉེར་གཅིག་སོགས་ཀྱི་རྡོ་སྐུ་ཡོད་ལ། རྡོ་མཁར་འདིའི་མིང་ལ་ཚོགས་ཆེན་ཞིང་ས་ཞེས་བཏགས་འདུག བཀའ་འགྱུར་རྡོ་བརྩིགས་ཀྱི་འགྲམ་གཉིས་སུ་ཚ་ཁང་གཉིས་དང་མཆོད་རྟེན་གཉིས་བཅས་བཞི་ཡོད་ལ། མཆོད་རྟེན་གཉིས་ནི་བྱང་ཆུབ་མཆོད་རྟེན་དང་། བཀྲ་ཤིས་མཆོད་རྟེན་གཉིས་ཡིན་ཞེས་བཤད།
བཀའ་འགྱུར་རྡོ་མཁར་གྱི་འགྲམ་གཉིས་སུ་ཚ་ཁང་གཉིས་བཞེངས་ཡོད། ཚ་ཁང་རེ་རེའི་ནང་དུ་ཚ་ཚ་འབུམ་རེ་ཙམ་ཡོད་ལ་དེ་དག་གཟུངས་གཞུག་དང་བཅས་པ་ཚད་ལྡན་ཞིག་བྱས་ཡོད་ཅེས་བཤད་བྱུང་།
༤༽ བཀའ་འགྱུར་རྡོ་བརྐོས་དང་བྲག་རྡོའི་ངོས་ཀྱི་ལྷ་སྐུའི་ཁྱད་ཆོས་གླེང་བ།
ཆུང་དུས་ནས་སྒྲུབ་ཆུ་ཉག་སོགས་སུ་སྤུན་མཆེད་ཆོས་དགའ་དང་མཉམ་དུ་རྩེད་མོ་བརྩེས་པ་དང་། སྒྲུང་ཡིག་ཀློག་པ། འདམ་བག་གིས་གེ་སར་བཅས་པ། ཐེ་གེས་རྩེད་མོ་བརྩེས་པ་སོགས་ཀྱི་བག་ཆགས་ཀྱིས་སྒྲུབ་ཆུ་ཉག་ཏུ་གེ་སར་རྡོ་སྐུ་བརྐོས་པ་དང་། དགོན་པའི་མདུན་ཐང་དུ་ཟངས་གསེར་གྱི་གེ་སར་བཞེངས་པ། རྫོགས་ཆེན་དགོན་སྡེ་གཉིས་ཀྱི་བྱང་ཕྱོགས་ལམ་ཆེན་འགྲམ་དེར་བཀའ་འགྱུར་རྡོ་མཁར་བརྩིགས་ཏེ་བྱང་གི་དགྲ་སྒོ་དང་བར་ཆད་ཀྱི་ལམ་བཀག་པ་ཡིན་ལ། ཆོས་ལུགས་ཀྱི་ངོས་ནས་བཤད་ན་དགེ་བ་དང་། ལུས་སྦྱོང་པ་ལ་སྐོར་བ་བྱེད་ས། ལྟད་མོ་བ་ལ་ཡུལ་སྐོར་བྱེད་ས། ལོ་རྒྱུས་རིག་པས་བདེན་དོན་འཚོལ་ས་ཞིག་ཡིན་ཞེས་བཤད་བྱུང་།
1བྲག་རྡོའི་ངོས་ཀྱི་གེ་སར་རྒྱལ་པོ།
སྒྲུབ་ཆུ་ཉག་ཅེས་པ་ནི་དབྱར་སྟོན་དཔྱིད་གསུམ་ལ་བྲག་རྡོའི་སྟེང་ཐོག་དེར་ཆུ་བོ་ཞིག་འཁྱིལ་ནས་བདུད་རྩི་ལྟ་བུའི་ཐིགས་པ་དག་བྲག་རྡོའི་ངོས་ནས་འབབ་ཀྱིན་ཡོད་སྟབས་དེ་ལྟར་མིང་བཏགས་པ་རེད་ཅེས་དང་། དེ་ལ་གེ་སར་སྒྲུབ་ཆུ་ཉག་དང་གེ་སར་གནས་རི་ཞེས་འབོད་སྲོལ་ཡོད་ཅེས་ཟེར། སྒྲུབ་ཆུ་ཉག་ཏུ་གེ་སར་རྒྱལ་པོས་འདོ་བ་ཅང་ཤེས་རྒོད་པོ་ཞབས་ལ་བཅིབས་ཤིང་། དགྲ་ལྷའི་གོ་མཚོན་སྣ་དགུ་སྐུ་ལ་གསོལ་བ། ཚད་དང་མཚན་ཉིད་ལྡན་པ་ཞིག་རྡོ་ཐོག་ཏུ་གཏིང་ཟབ་ཅིང་སྤུས་དག་པ་ཞིག་བརྐོས་ཡོད་པ་དེ་ནི་གེ་སར་ཞིབ་འཇུག་པ་ནོར་བུ་དབང་ལྡན་གདན་ཞུ་བྱས་ནས། དགོན་པའི་བླ་སྤྲུལ་ཁ་ཤས་དང་མཉམ་དུ། གེ་སར་ཐབ་ཀ། གེ་སར་རྟ་སྒ། གེ་སའི་རྐྱང་ལུའི་རྟོད་ཕུར། གེ་སར་གཡང་སྒྲོ། གེ་སར་བསང་ཁྲི་སོགས་རེ་རེ་བཞིན་ངོ་སྤྲོད་བྱས་ནས་རྡོ་ངོས་སུ་ཡི་གེ་བྲིས་ཏེ་གེ་སར་དང་འབྲེལ་བའི་རིག་དངོས་དེ་དག་གི་འགྲམ་དུ་གེ་སར་རྡོ་སྐུ་བརྐོས་པ་ཡིན། ད་དུང་དེ་རུ་གེ་སར་ལྷ་སྐས་རིང་མོ་ཞེས་སྒྲུབ་ཆུ་ཉག་གི་བྲག་རྡོའི་ཕྱོགས་གཉིས་དང་སྟེང་ངོས་འབྲེལ་བའི་སྐས་རིམ་ལྟ་བུའི་བྲག་འབུར་མངོན་གསལ་ཅན་གྱི་རྡོ་སྐས་ཤིག་ཡོད་པ་དེ་ནི་གེ་སར་བྲག་རྡོའི་ངོས་ནས་ཕེབས་པའི་རྗེས་ཤུལ་ཡིན་ཟེར་བ་སོགས་གེ་སར་ངག་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཅན་མང་པོ་བཤད་རྒྱུ་ཡོད་པ་རེད་ཅེས་པ་དང་། གེ་སར་བརྐོས་པའི་བྲག་རྡོའི་རྒྱབ་ངོས་སུ་སྒྲོལ་མའི་སྐུ་ཞིག་བརྐོས་ཡོད་པ་ནི་སེང་ལྕམ་འབྲུག་མོ་སྒྲོལ་མའི་རྣམ་སྤྲུལ་ཡིན་པས་དེར་མཚོན་བྱེད་ཡིན་ཞེས་པ་དང་། ཞབས་སྐྱག་སྡོང་ཞེས་སྒྲུབ་ཆུ་ཉག་གི་ཡར་སྡོང་དེ་རུ་འབྲུག་མོའི་འོ་ཟམ་ཞེས་པའི་བྲག་རྡོ་དང་ཕ་བོང་ངོས་སུ་གཟུགས་སྐུ་མང་པོ་ཞིག་བརྐོས་ཡོད་པ་ནི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ཚབ་དུ་ཀུན་ཏུ་བཟང་པོ་ཡབ་ཡུམ། ཁྲག་མཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚབ་ལ་ཆེ་མཆོག་ཧེ་རུ་ཡབ་ཡུམ། ཞབས་ཆུང་རི་ངོས་དང་ལུང་པའི་ནང་དུ་བྱམས་སེམས་ཉེ་བའི་སྲས་བརྒྱད་དང་བདེ་གཤེགས་སུམ་ཅུ་སོ་ལྔ་སོགས་རྡོ་ལ་བརྐོས་ཡོད་པ་དང་། སྟག་མཛེས་ལུང་པ་དང་། སྟག་ཆུ་འགྲམ་སོགས་སུ་གཟུགས་སྐུ་དང་མ་ཎི། བཛྲ་གུ་རའི་བསྙེན་པ་སོགས་འབུར་དོད་ལ་གཏིང་ཟབ་པ་མང་བོ་བྲིས་ཡོད་ཅེས་བཤད་བྱུང་། རྡོ་སྐུ་མང་ཆེ་བ་གེ་སར་གནས་རིའམ་སྒྲུབ་ཆུ་ཉག་གི་ཉེ་འཁོར་དུ་བརྐོས་ཡོད་པ་ནི་གེ་སར་རིག་དངོས་འདི་རྒྱུན་འཛིན་དང་དར་སྤེལ་ཐུབ་པའི་དམིགས་ཡུལ་གཙོ་བོ་ཡིན་ཞེས་པ་དང་།འབུར་སྐུ་ཕལ་ཆེར་བ་གཏིང་ཟབ་ཚད་ལ་ཁུ་ཚུར་འགྲོ་ས་ཙམ་ཡོད་ལ། སྐུ་ཆེ་བ་ལ་ཁང་བརྩེགས་གསུམ་བཞི་ཅན་དང་ཆུང་ལ་རྡོ་ལེབ་ཙམ་གྱི་ངོས་ལ་གཟུངས་སྔགས་དང་མ་ཎི་བརྐོས་པ་ནི་དམ་པ་ཁོང་གི་མཛད་རྗེས་གཙོ་བོ་དེ་ཡིན་ངེས།
རྩོམ་གསར། 10