རི་ཆུའི་ཕ་མཐར་བཏང་བའི་བརྩེ་གཞས།

ཚེ་རིང་རྣམ་རྒྱལ།        2022-02-14

དམ་ཚིག་ཕྱག་ཟུང་ཉི་ཟླ་ཡར་ཡར་དུ་འདར་བས།།

དུངས་ཞེན་གཙང་ཆུར་བརྒལ་བའི་ཀོ་གྲུ་དེ་རྙེད་ཅིང་།།

འཆར་སྣང་རླབས་རིས་སྐྱོམས་པའི་ལས་སྐལ་ལ་འཁྲེན་ནས།།

མི་མངོན་ལོ་ཟླའི་དབྱིངས་སུ་ཨ་ལན་ཞིག་ཤོར་སོང་།།

སྙིང་ལ་བཞད་པའི་དཔྱིད་ཀ་མིག་འབྲས་བཞིན་ཚེས་སོང་།།

ཚིག་ལ་བཏབ་པའི་སྨོན་འདུན་བྲག་ཅ་བཞིན་འཁོར་ཡོང་།།

ཕ་མཐའ་དགུ་རུ་བྲིས་པའི་ངང་སྒུག་གི་དབྱངས་རྟ།།

དོ་ནུབ་དྲན་པའི་གསེབ་ལ་རྨི་ལམ་དུ་འཕྱུར་ཡོང་།།

འཁོར་བའི་ཞེན་ཆགས་སྣ་རྩེའི་སྣང་བ་རུ་གཏད་དེ།།

སེམས་ཀྱི་རི་མོ་དྲན་པའི་རྩིག་ངོས་སུ་ཕབ་པའི།།

ཉི་ཤུའི་ན་ལུང་གོང་མའི་ཞེ་འདང་གི་མི་མོ།།

གཞོན་སྣང་མེ་ཏོག་ཟིལ་བའི་སེའུ་འབྲུ་དེ་ཡིན་སོང་།།

མ་འདྲེས་ཀུན་རྟོག་གཡུང་མོའི་ཆགས་སྡང་གི་འཕེལ་འགྲིབ།།

ན་ཆུང་གར་གྱིས་བཏེགས་པའི་ཆོས་ཉིད་ཅིག་ཡིན་ཡང་།།

མི་ཚེའི་ཟེ་བ་གཤགས་པའི་གཙང་འགྲམ་གྱི་རོལ་མོ།།

ང་དང་ཁོ་མོའི་ལས་ལ་ཅི་འདྲ་ཞིག་མཁོ་ཨང་།།

དྭངས་གསལ་རྩེ་ཀླུང་སྔོན་མོའི་དལ་འབབ་ཀྱི་བཞུར་རྒྱུན།།

གླིང་དཀར་མ་ཡུམ་གཙང་བོར་དུངས་ཀ་དེ་ཡོད་ཡོད།།

སྣེ་གཉིས་གཅིག་ཏུ་སྦྲེལ་བའི་འུ་གཉིས་ཀྱི་སེམས་གཞུང་།།

ཀུ་རེ་དགོད་སྒྲ་འདྲེས་མའི་སྣང་བ་རུ་འཐིམ་ཡོད།།

སྐྱོ་ན་གདུང་བའི་མིག་ཆུ་ཅིག་ཅར་དུ་འཕེལ་ས།།

སྐྱིད་ན་དགའ་བའི་དགོད་སྒྲ་མཉམ་གཅིག་ཏུ་གཏོང་ས།།

མི་རྙིད་ཁྲག་ཏུ་བཞད་པའི་དམ་ཚིག་གི་མེ་ཏོག།

གནམ་ས་བསྣོལ་པའི་མཐའ་ལ་མེ་ལོང་བཞིན་གསལ་ཡོང་།།

འོད་དཀར་རི་ནས་བབས་པ་ན་བུན་དུ་བྲིས་ཤིང་།།

མིག་ཟུང་རྒྱང་ལ་ཤོར་བ་སྨོན་ལམ་དུ་བསྒོམས་ཏེ།།

དུངས་སེམས་ཞེ་ལ་འཁྱུད་པའི་མཚོ་ངོགས་ཀྱི་ཟླ་བ།།

འཁོར་བའི་མུན་པ་བསལ་བའི་གཏིང་རྡོ་རུ་རུམ་ཡོད།།

མདང་ནུབ་མུན་པའི་གཞུང་ལ་ཚིག་གསུམ་གྱི་དྲན་པ།།

ཞེ་ལ་ཚེ་རབས་བསྐལ་བའི་ཤ་ཁྲག་བཞིན་འདྲེས་པས།།

ཁྲེལ་གཞུང་མིག་ཟུང་གཡོ་བའི་ལས་སྐལ་གྱི་ཆུ་མོ།།

མི་ཚེའི་བྲང་གཞུང་བཤགས་པའི་རྟེན་འབྲེལ་དུ་ཤར་བྱུང་།།


  • ལེ་ཚན་སྔོན་མ།:གློག་བརྙན་ཞིག་གི་མཇུག་འབྲས་མཐོང་བ།
  • ལེ་ཚན་རྗེས་མ།:ལོ་གསར་གཡང་གི་དགའ་སྟོན།