དབྱངས་ཀྱི་མཆི་མ་བཟླུམས་པའི་ཐིག་ལེ།

        2022-01-26

འཇམ་མཉེན་ཕྱག་བརྒྱའི་སོར་མོས་ངོ་ཚ་བཟོ་འམ།།

བར་སྐོར་ལན་གསུམ་བརྒྱབ་ཀྱང་རྡོག་སྒྲ་མ་བྱུང་། །

ཇོ་བོར་ལན་གསུམ་མཇལ་ཡང་གསུང་སྐད་མ་བྱུང་།།

གཞིས་རྩེའི་ལྕང་གཞས་དེ་ལས་བསིལ་རླུང་ལྡང་སྟེ།།

མཚོ་ལ་མཆོང་སྙིང་བྲོ་ཡང་མཚོ་མོ་ལས་འོངས།།

ཡིད་དགའ་བདེ་ཆེན་མཚོ་མོས་ཐུགས་བསམ་མི་བཞེས།།

ཀུན་རྫོབ་བློ་ལ་ཤར་བ་སྒྱུ་མའི་ཚུལ་འཆོས།།

ཡུད་ཙམ་རླུང་མ་འཚུབ་ཀྱིས་ཞབས་བྲོ་བརྡུང་ཡོང་།།

ཆང་མ་ཡེ་ཤེས་མཁའ་འགྲོའི་ཞབས་ཕྱག་འདྲ་ལེ། །

ཚིལ་དྲེགས་སོར་བཞིར་བྱས་ཀྱང་འདུན་མ་གཏམ་འདོད།

ས་མཐའི་ཁང་སྟོང་ཁྲོད་ཀྱི་རྟོག་པའི་འཇའ་རིས། །

སེམས་ལ་ཆུ་འཛིན་འཁོར་བའི་ཉེར་བསྡོགས་ཤིག་སྟེ།།

སྒེའུ་ཁུང་དྲ་ཡོལ་ངོས་ཀྱི་རི་མོ་དེ་དག།

གླུ་དང་གར་ལ་རོལ་བའི་སྒྱུ་འཕྲུལ་འདྲ་བྱུང་།།

འཆར་ཡན་སེམས་འགྱུ་ངོས་ནས་སྙན་པ་བསྩལ་བྱུང་།།

རི་དང་གཙང་པོའི་འགྲམ་གྱི་ཁང་ཆུང་གྲུ་བཞིའི། །

སྒོ་དང་ཀ་བ་དག་ནི་ཡུན་རིང་འདྲིས་པའི།།

ཆུང་འདྲིས་ཞེས་ཀྱང་ཆོག་ལ་སྨྲས་ཀྱང་ཆོག་པའི། །

བནྡེའི་འཚོ་བ་འདི་ནི་ཤ་བ་སྨུག་པོའི།།

སྡིག་སྒྲིབ་ཐུར་མ་བགོས་པའི་རི་ལུང་བཞིན་དུ།།

ཀུན་རྟོག་འོ་མའི་མཚོ་ལ་ཡང་ཡང་འདྲིས་ཡོད།།

ཕྱི་རོལ་ལྗོན་པ་དག་གིས་ཀུ་ཅོ་མི་འདོན།།

འཁྲིས་ཀྱི་གྲིབ་མ་འདིས་ཀྱང་ཀུ་རེ་མི་རྩེད།།

ལམ་གྱི་རྡོ་བ་འདི་དག་ཁུ་སིམ་ཁུ་སིམ།།

ག་ལེར་བཞུད་ཅིང་ག་ལེར་བཞུགས་པ་རེད་ཨང་། །

སོས་དལ་སེམས་ལ་ཚེས་པའི་ལོ་ཟླའི་མི་ཚེ།།

གླེགས་བམ་སྟོད་སྨད་ཅིག་གི་ཆིག་ཤད་ལྟར་དུ།།

སྣག་ཚྭ་ལན་གཅིག་བཏབ་པའི་རྗེས་ཤུལ་འདྲ་བྱུང་།།

ཁ་བའི་རྡུལ་མང་བརྩེགས་པའི་དགུན་གྱི་ས་གཞིར།།

ཉི་ཟེར་ཐིགས་པ་ཙམ་ལ་མོས་པ་ཆེན་པོས།།

རེ་སྒུག་བག་མར་ལེན་པའི་ཕོ་རོག་དེ་དག།

འཕག་ཚག་སྡོང་པོའི་འགྲམ་ནས་རྒྱག་འདོད་མེད་ཅིང་།།

སྐོར་ལྡིང་ནམ་མཁའ་སྟོངས་ཀྱང་ཡི་ག་ཆད་དེ།།

གཤོག་པས་ལུས་ཕུང་གཡོགས་ཏེ་ངུ་ཤོམ་བྱེད་ཞོར།།

མཆུ་སྡེར་གུག་གུག་བྱས་ཏེ་ཨོལ་མདུད་འདར་ཞོར།།

ཚེ་ཡི་སྐུད་པ་འདི་ལ་བསགས་སྦྱངས་བྱས་སོང་།།

གངས་ཆར་བུ་ཡུག་ཁྲོད་ཀྱི་བྱིས་པ་ཆུང་ངུའི།།

སྐྱིད་སྡུག་མདངས་ལ་འཕོས་པའི་སྤྱན་གྱི་མཐའ་ནས།།

ཁ་བའི་ཟེགས་མ་རེ་རེའི་ཟིལ་བུ་འཐོར་རམ།།

སྡིག་སྒྲིབ་སེམས་ལ་བྱོ་བའི་མིག་ཆུ་རེད་དམ།།

དགུན་གྱི་ཙག་རླུང་ཁུར་བའི་ཆུ་རིས་དེ་དག།

བཞུར་མིན་བྱོན་མིན་ཞིག་གི་རྦ་རླབས་འཕྱོས་ཤིང་།།

ཉམས་ལྡན་བྱིས་པའི་ཚོགས་ལ་ཡུན་རིང་འགྲིམས་ནས།།

ན་བུན་སྐྱ་མོའི་འགྲམ་གྱི་འཁྱག་རོམ་དག་དང་།།

རྩེད་དགའ་ཨ་ཅེ་དགྱེས་པའི་ངང་ཚུལ་དྲན་བྱུང་། །

ཚངས་མགུར་ཐོར་བུ་ཐོར་བུ་ཡིད་ངོར་ཕབ་སྟེ།།

འཕྱོངས་རྒྱས་ཕྱོགས་ལ་བཞུགས་པའི་ནམ་མཁའི་ནོར་བུར།།

འཕྲིན་ཡིག་བསྐུར་སྙིང་འདོད་པའི་ཚངས་དབྱངས་རྒྱ་མཚོ།།

ལོངས་སྤྱོད་འཁོར་ལོའི་དབུས་སུ་བཞུགས་པ་མ་བྱས།།

སྐྱེ་བ་རྗེས་མ་ཞིག་ལའང་འཕྲད་སྙིང་འདོད་ཀྱང་། །

ཁད་ཀྱིས་ཁད་ཀྱིས་ཡོལ་བའི་འདི་ཕྱིའི་སྣང་བ།།

ཚུལ་བཞིན་ཡིད་ངོར་འཆར་བའི་ཆོས་སྐལ་ཡོད་དམ།།

དལ་གྱིས་དལ་གྱིས་བཞུར་བའི་དུས་ཀྱི་གཙང་བོ། །

བབས་ནས་རང་སོར་གནས་པའི་དུས་ཤིག་ཡོད་དམ།།

ཁོ་བོ་ཁེར་རྐྱང་ནགས་ལ་གབ་ཚོད་རིང་ཨང་།།

ཚོར་ཤེས་རླུང་གིས་བསྒུལ་ནས་འཇག་སྐྱ་གཏོར་ཡང་།།

འཇག་མའི་སྤྱིལ་ཁང་འདི་ལ་ཤུག་ཤུག་རྒྱུ་བའི།།

རེག་བྱ་རླུང་གི་འཇམ་མཉེན་ལུས་ཀྱིས་མྱོང་ཚེ།།

ན་ཟུག་འཕར་མས་བཙིར་བའི་ལོ་ཆང་ཁམ་པ།།

ཏིག་གུ་བརྒྱ་རེ་བསོགས་ཀྱང་བཟི་ཁ་མ་བྱུང་།།

རྟིང་མའི་དགུན་ཟླ་ཐོན་དུས་ད་དུང་གསོལ་ཆོག།

ཙག་དང་ལྷགས་པ་གཏོར་བའི་མེ་ཁ་སྒོང་ཞོར།།

སེམས་ཀྱི་གས་སྲུབས་སྐོང་བའི་སྐྱོ་གཞས་ཡིན་ཆོག།

འདི་ལ་ཐུགས་སུན་མ་གནང་སེམས་ཀྱི་གངས་སྒྲོལ།།

བདག་གིས་བཅོས་པའི་ནགས་ཀྱི་སྡོང་པོ་རེ་རེར། །

གཟི་ཡི་ཕྲ་རྒྱན་སིལ་མ་སིལ་བུར་བཏབ་ཡོད།།

ཉམས་སྣང་མེ་ལོང་ལྟ་བུའི་ཁྱོད་ཀྱི་མགྲིན་པས།།

སྙན་པའི་རྩ་མདུད་འཁྲོལ་བའི་ཟླ་བ་བྱུང་ཚེ།།

ངག་ལ་མཚོ་མོ་རྒྱས་པའི་དབྱངས་ཀྱི་ནམ་མཁར། །

ཚེ་ཡི་སྡིག་སྒྲིབ་སངས་བའི་ཟིལ་པ་ཆགས་ཤིང་།།

ཡིད་ཀྱི་འཁྲུལ་བ་གཞོམ་པའི་རེ་ཁཱ་སྩོལ་བར།།

ཟ་འདོད་དྭངས་བ་འདྲེན་པའི་ཁྱོད་ཀྱི་ཞལ་ནི།།

བརྡ་ཆད་གསེར་དངུལ་སྤུངས་པའི་སྒྱུ་འཕྲུལ་འདྲ་ལེ།།

ནག་ཆུང་ཡིག་འབྲུ་བྲིས་པའི་ཞབས་རྗེས་འདྲ་ལེ། །

སྨིན་མ་གནག་ཅིང་སྣུམ་པའི་འཇོ་སྒེག་འདྲ་ལེ།།

གོམ་པའི་འདེགས་འཇོག་བསྣོལ་བའི་ཞབས་ཕྱག་འདྲ་ལེ།།

ལན་གཅིག་ཐུར་ལ་དཔྱངས་ནས་གཟིགས་ཙམ་གནོངས་དང་།།

བདག་ཡིད་ཀུན་རྟོག་ནགས་ལ་སྨུག་པ་འཚུབ་ཡོང་།།

མཚོ་དང་མཚེའིུ་འགྲམ་ནས་གཅེར་བུར་རྒྱུ་ཞིང་། །

ནགས་དང་ཤུག་པའི་གསེབ་ནས་ཁེར་གླུ་ལེན་ཞོར།།

སུ་རུ་སྤེན་པའི་མེ་ཏོག་འཐུ་བའི་བུ་ཆུང་།།

མཉེས་པའི་དྲི་བསུང་འཐུལ་བའི་རྫ་ལ་མ་ཆགས། །

ཤིས་པའི་སྙེམ་པ་འཐོར་བའི་ལྷ་ཡང་མ་གུས།།

སྲོད་ཀྱི་ཐོ་རེངས་འཆམ་པའི་གར་མ་དེ་ཡིན།།

མཚན་གྱི་སྤྱང་ཚོགས་རྩོམ་པའི་འོ་དོད་དེ་ཡིན།།

ཟླ་བའི་ཞེ་ལ་གནོད་ན་ཟླ་བ་ནུབ་ངེས།།

གཙང་པོའི་འགྲོས་ལ་གནོད་ན་གཙང་པོ་རྒྱས་ཡོང་།།

ཁོ་བོས་གཙང་ཆུ་དེད་ཅིང་གཙང་ཆུ་འཐུང་ཞོར། །

ལྕགས་པོ་རི་ནས་བལྟས་ཤིང་ཞོལ་ནས་བསྡད་པས།།

ཆང་དྲི་བག་ཙམ་དྲོ་བའི་ཆང་མ་མཁའ་འགྲོ།།

སྤྱན་གྱི་གཟིགས་ཕྱོགས་ཤིག་ནས་བག་ཙམ་མངོན་བྱུང་།།

དྲན་པས་ཟིན་པ་མེད་པ་ལོ་ཟླའི་རྗེས་ཤུལ།།

ཡིན་ཡང་སེམས་ཀྱིས་བསྐྱོན་པའི་འཆར་ཡན་དེ་དག།

ཕྱི་མིག་གདུང་བ་མཚོན་པའི་སྣང་བརྙན་རེད་དོ། །

བརྗིད་པས་གྲགས་པ་འཕེལ་བའི་ཚོན་ཁ་མེད་ཀྱང་།།

རང་སེམས་སྐྱིད་ལ་བསྐུལ་བའི་ཕ་འབབ་རེད་དོ། །

ཀུན་རྟོག་མཚོ་ཆེན་བསྲུབས་ལས་གཏན་དུ་འཁྲུངས་པའི། །

ཚོར་ཤེས་དྲན་གདུང་འཕྲུལ་མའི་འཆར་ཡན་དེ་ག།

སྣང་བའི་རྫིང་བུ་འདི་ལ་ཡང་ཡང་རྒྱུ་ཞིང་།།

རྒྱུ་མའི་ཁོར་མོ་ཡུག་འདི་ཡང་ཡང་རྩེན་པས།།

ས་མཐའི་ས་མཐོར་གཤེགས་པའི་གངས་ཀྱི་རལ་ཅན།།

གཏན་དུ་ཡུལ་དང་བྲལ་བ་འདི་གས་ཡིན་ནམ།།

ཁྱོད་ལ་རྫི་གླུ་ལྷ་ཡི་དྲུག་འགྱུར་སྒེག་ལྡན།།

ཐོས་པས་ཞེན་པ་ཕྲ་མོ་སྒུལ་བ་བྱུང་ངམ།།

བྱུང་ན་དབྱངས་ལྡན་རྒྱུད་སྐུད་ལྷོད་ཙམ་གནང་རོགས།།

 བསོད་ནམས་ལས་གྲུབ། 


  • ལེ་ཚན་སྔོན་མ།:ལོ་སར་གཡང་གི་འབོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།