རྨི་ལམ་ནང་གི་ཟློས་གར་ཚོམ་བུ།

གཞི་ཚང་ཟླ་བ་གྲགས་པ།        2022-01-21

སེམས་དང་སེམས་ཀྱི་བར་ཐག་ཉེ་སར་

དེད་པ་མེད་ཀྱང་།།

ལས་དབང་ལས་ཀྱི་བཀོད་པས་མཉམ་

པོའི་ལམ་ཞིག་བསྐྲུན་པས།།

ཟམ་ཆེན་ཁུགས་སོ་དེ་ནས་འཕྲད་པའི་

སྟེས་དབང་བཙན་པོས།།

དོན་ལྔའི་སྡོམ་ཐག་དེ་ཡང་དལ་གྱིས་

གློད་པར་བྱས་སོང་།།

རིན་ཆེན་གསེར་དངུལ་མིན་ཏེ་ཞེན་ཆགས་

ཞགས་པས་མི་སྟོང་།།

སྨན་མཆོག་རྣམ་རྒྱལ་མིན་ཏེ་སེམས་གཅོང་གསོས་

སུ་གྱུར་པ།།

དྭངས་བསིལ་ཆུ་བོ་མིན་ཏེ་བདག་གི་

སྐོམ་གདུང་སེལ་བ།།

ཕྱི་ནང་སྦྲེལ་མཚམས་རེ་ལ་གསང་བའི་

རི་མོ་མངོན་པ།།

མི་མཐུན་དགྲ་བོ་ཨེ་ཡིན་ག་ཤེད་འཇབ་

རྒོལ་བྱས་འདུག།

ནང་པའི་ཆོམ་རྐུན་ཨེ་ཡིན་ལུས་སེམས་

སོ་སོར་བཏང་འདུག།

གཏེ་བོ་ལག་དམར་ཨེ་ཡིན་གཅིག་གི་

སེམས་པ་བསད་འདུག།

འཇིག་རྟེན་དགྲ་བོ་ཟེར་ཡང་གྲོགས་སུ་

མི་འགྱུར་མི་སྲིད།།

ལས་ཀྱི་གཉེན་འབྲེལ་མ་ཡིན་སྙིང་གིས་

གཙིགས་སུ་འཛིན་པ།།

ལུས་ཆད་བུ་ཚ་མ་ཡིན་སེམས་ཚེགས་དེ་

བས་མང་བ།།

དྲིན་ཆེན་ཡབ་ཡུམ་མ་ཡིན་ཡིད་

དང་མཐུན་ཞིང་སྒེག་པ།།

གང་ལྟར་ཐམས་ཅད་མ་ཡིན་ང་ཡི་

ཚོད་ཚད་ཡིན་ནོ།།

དུང་ཟླ་མཁའ་རུ་གསལ་དུས་དུང་གི་

འཛུམ་གོར་དྲན་ཡོང་།།

སྤྲིན་པའི་བར་ཆད་བསམས་ན་སྙིང་ནས་

འཕག་འཚག་ཤོར་འགྲོ།།

རླུང་ལྷ་གྲོགས་སུ་བོས་ནས་ཡིད་ཀྱིས་

སྨོན་ལམ་བཏབ་ཡོད།།

ལ་ལུང་དཀྱུས་ཐག་རིང་བས་མནལ་

ཡུལ་རྒྱུ་བར་མོས་བྱུང་།།

དཀར་པོ་ཤེལ་གྱི་ཁང་བཟང་སེམས་ཀྱི་

འཛོམས་པ་ཡག་མོ།།

སེམས་གཏམ་སྦྲང་ཆར་རེ་རེས་

དུངས་བའི་མེ་ཏོག་བསྐྱེད་ཅིང་།།

ཚོར་བའི་ཟེའུ་འབྲུ་མངར་མོ་མྱོས་པའི་

བཏུང་ཆུ་མིན་ཡང་།།

འཕྲུལ་པའི་འདུ་འཛོམས་གང་དེས་ལུས་

ངག་བཟི་བར་བྱས་སོང་།།

སྣང་བའི་དགའ་བདེ་ཆེན་པོ་དབང་

རྩའི་ཁྲག་དང་འདྲེས་པས།།

རྨི་ལམ་རྨི་ལམ་མ་རྟོགས་བདེན་པའི་

གནས་ལ་ཞེན་པ།།

རྟག་པའི་གནས་མལ་མ་རག་ཞོགས་པའི་

ཅོང་བརྡ་ཏིག་ཏིག།

བཙན་གྱིས་རྣ་སྒོ་བརྡུངས་པས་སད་

དགོས་བྱུང་འདི་ཕངས་བ།།

འཕྲུལ་སྣང་སྒྱུ་མར་ཤེས་ཀྱང་སླར་

ཡང་འགྲོ་སྙིང་འདོད་པ།།

མལ་སྟེགས་འགྲེ་ལོག་བརྒྱབ་ཀྱང་

གཉིད་རྒྱུ་སླ་མོ་མིན་འདྲ།།

བྲེད་དང་བྲོད་པ་གང་ཡིན་ཤ་རུས་

བར་གྱི་སེམས་པ།།

སྨུག་ལོང་ནང་དུ་འཁོར་ཏེ་རང་སར་

བཞུགས་རྒྱུ་མ་བྱུང་།།

ཟླ་འོད་གསལ་ཙམ་མི་དགོས་རྨི་ལམ་

ཡོད་པས་འཚེངས་པ།།

སྔོན་གྱི་ཀུན་རྟོག་སྣ་ཚོགས་རྨི་ལམ་

དཀར་པོས་བསྒྱུར་འདུག།

ད་ནི་གང་ཞིག་དྲན་ཚད་རྨི་ལམ་

ཁྲོད་ཀྱི་རྩེད་འཇོ།།

བག་ཆགས་འཐུག་པ་མིན་ན་རྨི་ལམ་

བསྟུད་ཀྱིས་འཁོར་རམ།།



  • ལེ་ཚན་སྔོན་མ།:ལམ་དང་ལམ་གྱི་མྱོང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།