སྲིད་པའི་ཐང་ཆེན་བརྒལ་བའི་མྱ་ངན།

རྨི་ལམ་བདག་མོ།        2022-01-14

ལོ་དང་ཟླ་བ་ཅི་ཙམ་འགོར་ན་ཡང་།།

སེམས་པ་རྣལ་དུ་ཕབ་པའི་ལན་རེ་རེར།།

དྲན་པ་ཁབ་ཀྱིས་གཙགས་འདྲའི་ན་ཟུག་ཅིག།

ཡང་ཡང་སྙིང་ལ་གདུང་བ་བཟོད་རེ་དཀའ།།

བགྲང་བྱ་བཅུ་ཕྲག་ཅིག་གི་སྔ་རོལ་ནས།།

འབྲོག་ཁྱིམ་དཀྱུས་མ་ཞིག་གི་ནང་རོལ་ནས།།

གཤིན་རྗེ་རྒྱལ་པོའི་གནང་བ་མ་ཐོབ་པར།།

ནད་ཀྱིས་མནར་བའི་གཅེན་མོ་གཤིན་ཡུལ་བརྫངས།།

དྲན་པའི་སྒོ་མོ་འབྱེད་པའི་ཕྱི་དྲན་ཁྲོད།།

བཞིན་རས་ཟླ་བའི་དཀྱིལ་འཁོར་ཡིད་འོང་ཞིང་།།

སྐུ་གཟུགས་འཁྲི་ཤིང་གཞོན་ནུ་རབ་མཛེས་པའི།།

གཅེན་མོ་སྙིང་སྡུག་མ་ཁྱེད་རབ་ཏུ་དྲན།།

ལང་ཚོ་དར་ལ་བབ་པའི་སོ་ཁ་མ།།

ཀུན་ཡང་ཞེན་པའི་འཇིག་རྟེན་སྣང་བ་ལས།།

རིང་དུ་བྲལ་བའི་ཚེ་ཡི་ཆད་པ་ཞིག།

གཅེན་མོ་ཁྱེད་ལ་ཕོག་པ་ཡིད་རེ་སྐྱོ།།

འདུ་འབྲལ་ལས་ཀྱི་རི་མོ་སེམས་མེད་དེ།།

ནམ་ཞིག་སུ་དང་ཕྲད་ཀྱང་བཅོམ་ངེས་པས།།

རྟག་བློས་རབ་ཏུ་བསླུས་པའི་འཁོར་བ་ཡི།།

སེམས་ཅན་དག་ཀྱང་ཅི་འདྲའི་ཉམ་ང་ཞིག།

དགོན་སྡེ་ཁྲ་མོ་ཞིག་གི་གཡས་ཟུར་ནས།།

ལྷ་ཁང་ཆུང་ཆུང་ཞིག་གི་ཡང་ཕུག་ནས།།

བཀའ་པོད་ལྔ་ཡི་ཤོག་ལྷེའི་ཉིན་སྲིབ་ནས།།

གདོད་མའི་ཆོས་སྐལ་དེ་ཉིད་ལོན་ཆེད་དང་།།

གཅེན་མོའི་ཆོས་སྐལ་ཞིག་ཀྱང་འགྲུབ་ཆེད་དུ།།

མཆོག་གསུམ་ལྷ་ལ་རེ་བཅོལ་ལན་གྲངས་ཤིག།

ཚེ་ཕྱེད་ཕར་ལ་འདས་ཀྱང་དོར་མེད་ངང་།།

འབྲལ་མེད་ལྷན་སྐྱེས་བཞིན་དུ་སེམས་སུ་སྒོམ།།



  • ལེ་ཚན་སྔོན་མ།:སྙན་ངག་སྣ་ཐུང་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།