ཁམས་པ་རབ་དབྱངས། 2022-01-05
སེམས་དང་བསམ་པའི་ཞེ་འདང་སྤྱད་དེ་ཞིབ་
ཏུ་བལྟས་ན།
ཁྱེད་ཀྱི་ལང་ཚོ་ནི་དབྱར་ཟླ་བདུན་པའི་མེ་ཏོག་
བཞིན་རྒྱས་འདུག།
དོན་ཐོག་ཁྱེད་ཀྱི་མཛེས་སྡུག་དེ་འདྲ་ཡིན་ནམ།
ང་ལ་དགའ་སྐྱོ་ཡི་སྣང་ཚོར་འོངས་རྗེས།
ཁྱེད་ནི་དགའ་སྐྱོ་སྨྲེང་ས་དེ་རེད་འདུག།
དགའ་སྐྱོའི་སྣང་ཚོར་དེའི་གདུང་བ་མ་ལུས་པ་
དྲན་གདུག་གི་ཧྲག་བར་ནས་ཁུར་འགྲོ།
ངས་ནི་ཁྱེད་ཉིད་ཚེ་གཅིག་ལུས་
གཅིག་ཉིད་དུ་བསྒོམས་ཏེ།
སླར་ཡང་ཁྱེད་ཉིད་ཀྱི་འཇིག་རྟེན་ལ་
སྨྲེང་གཏམ་བཤད།
དོན་ཐོག་ཁྱེད་རང་དེ་འདྲ་མིན་པ་འདྲ་སྟེ།
ང་ལ་ཞེ་འདང་གི་བརྩེ་དུང་མཚོན་པའི་
ཁྱེད་ཀྱི་ཡིད་བརྙན་དང་ཐ་སྙད་གང་
ཡང་མེད་པ་འདྲ།
ང་ནི་ཁྱེད་ཀྱི་འཇིག་རྟེན་ལ།
བློས་བསླངས་བྱེད་པའི་མི་དེ་ཡིན་པ་མི་འདྲ།
དགའ་དུང་གི་ལན་ཆགས་འཚོལ་མི་དེ་ཡིན་པ་མི་འདྲ།
དུས་རྒྱུན་ངས་ཁྱེད་ནི་ངའི་གམ་དུ་ཡོད་སྣང་ཤར་
བ་ནི་འཁྲུལ་སྣང་ཞིག་རེད།
སྐབས་རེ་ངས་ཁྱེད་མཐོང་མ་ཐག།
ཁྱེད་ཀྱི་རྒྱབ་གཟུགས་ལས།
ཞེ་འདང་གི་མཛའ་བརྩེ་ཞིག་མཐོང་སོང་།
ཡིན་ན་ཡང་དོན་ཐོག་དེ་འདྲ་ཞིག་ཀྱང་མ་ཡིན་ཏེ།
ངས་མཐོང་མི་ཐུབ་པ་ནི་ཁྱེད་ཀྱི་
གཤིས་ཀ་སྣ་ཚོགས་རེད།
ཁྱེད་ཀྱིས་མཐོང་མྱོང་ངམ།
མེ་ཏོག་རྒས་གཉེར་དོད་པའི་ཤུགས་གླུ།
ཙག་རླུང་གི་འཁྲིས་སུ་སྤུར་བའི་མེ་ཏོག།
མིག་ཆུ་ཐིགས་པ་གཅིག་
བྲང་གཞུང་དུ་གཞུར་རྗེས།
ངས་མི་ཚེ་ལ་བསམ་གཞིག་ཡང་ཡང་བཏང་།
ཉེ་རིང་མེད་པའི་སྐྱོ་གར།
རང་སྟེང་དུ་ཅི་ཙམ་གནས་སྲིད།
མི་ཚེ་འདི་ལ་སྐྱོ་གར་བོར་རྗེས།
སྙན་ངག་གི་རླབས་རྒྱུན་མེད་པར་འགྱུར་འགྲོ།
ངས་སྐྱོ་གར་ངང་ནས་རྒུན་ཆང་ཞིག་བཏུང་རྗེས།
ངས་སྙན་ངག་འདི་ཆུང་མ་བྱས་ནས།
མི་ལོ་མང་པོ་ཞིག་ཁྱེད་དང་བར་ཐག་གྱེས་འདོད།
ཁེར་རྐྱང་གི་གླིང་ག་འདི་ནས།
ཡིད་ཚིམས་པའི་མི་དེའི་ངོ་གདོང་མ་ཕྲད།
ཉི་འོད་ཀྱི་ཕ་ཡུལ་དྲན་པ་གློད་པའི་དེ་རིང་།
ཨ་མའི་གདོང་གཉེར་ཡིད་ལ་འོང་བའི་དེ་རིང་།
སེམས་ནང་དུ་དྲན་པ་ཅི་ཙམ་བྱོ་ནའང་།
དེ་ནི་དྲན་གདུང་གི་སྐྱོ་གར་སྐད་
ཅིག་མ་ཙམ་རེད་འདུག།
དགུན་གྱི་དུས་ཚིགས་འདི་མེད་ན།
ངའི་སེམས་ངོར་འཕྲོད་པའི།
དབྱར་གཞུང་དེ་ངོ་ཤེས་ས་མི་འདུག།
ཚིག་གི་སྐུད་པ་འཁེལ་མཁན་གྱི་མི་དེ།
སྒྱུ་འཕྲུལ་གྱི་འཆར་ཡན་བརྒལ་ནས་
གང་དུ་བུད་སོང་།
དགུན་མཇུག་ལ་བསྐུར་བའི་འཕྲིན་དེ།
ཁྱེད་ཉིད་དྲན་པའི་མིག་ཆུ་ཕོར་གང་ཡིན།
དགུན་མཇུག་འདིར།
ང་རང་ཉིད་འདར་སིག་སིག་ངང་ཁུར་སོང་།
ཁྱེད་ཉིད་གང་ནས་འཁུར་གྱིན་ཡོད་པ་མ་མཐོང་།
ཉི་ནུབ་འདིར་དྲོད་གྲང་མི་འདུག།
ང་ནི་ཤིང་ཁང་རུལ་བོ་ནང་ལ་རྒས་སོང་།
འཁྱག་གྲང་འཐིམ་པའི་ལུས་ངག་དག།
དབུགས་འབྱིན་རྔུབ་ཀྱི་བར་ནས་
འཁྱག་ལ་གྱུར་སོང་།
ད་ནི་དབྱར་གྱི་ཉི་ནུབ་མི་འདུག།
སྟོན་གྱི་ཉི་ནུབ་མི་འདུག།
ཉི་ནུབ་འདི་དག་གིས།
སུན་སྣང་གི་འཇིག་རྟེན་ཁྲིད་སོང་།
དགུན་ཟླ་རྫོགས་སོང་།
སྐྱེ་བ་སྔ་མའི་དགུན་ཟླ་རྫོགས་སོང་།
རྩོམ་གསར། 10