མཛེས་སྡུག་གི་ཡུལ་མཆོག་འདི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ།

མིག་དམར་གྱིས་བསྒྱུར།        2022-01-05

རང་ཁུལ་གྱི་གྲོང་ཡུལ་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ཀྱི་དངོས་བྲིས།

  

མཛེས་སྡུག་གི་ཡུལ་མཆོག་འདི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ།

ཉག་རོང་རྫོང་གི་མཚན་ལྗོངས།

  དྲང་ཞིང་རྒྱ་ཆེ་བའི་ཁྲོམ་ལམ་འཕྲེད་གཞུང་སྣོལ་མར་གནས་ཤིང་། ཁྱད་ཆོས་མངོན་གསལ་དོད་པའི་གྲོང་ཚོ་གསར་པ་འདིའི་མི་རྣམས་བདེ་སྐྱིད་ལྡན་ལ་དགའ་ཞིང་སྤྲོ་བའི་ངོ་གདོང་འཛུམ་མདངས་ཀྱིས་ཁེངས། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་གོང་འོག་ཚང་མས་གྲོང་ཡུལ་ཇེ་ལེགས་གཏོང་བའི་འཐབ་ཇུས་སྐོར་གྱི་བླང་བྱ་གསར་པར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཡོངས་ཀྱིས་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏང་རྒྱུའི་བླང་བྱ་དམ་པོར་བཟུང་ནས། གྲོང་ཡུལ་འཛུགས་སྐྲུན་དང་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲོང་ཡུལ་གྱི་རྣམ་པ་གསར་པར་བརྗེས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཐོབ་ཚད་ཇེ་མགྱོགས་སུ་བཏང་ཡོད།

མཛེས་སྡུག་གི་ཡུལ་མཆོག་འདི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ།

དཀར་མཛེས་རྫོང་མཆོད་རྟེན་དཀར་པོའི་སྤྱི་ཁུལ།

མཛེས་སྡུག་གི་ཡུལ་མཆོག་འདི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ།
འདབ་པ་རྫོང་ལུས་རྩལ་ཐང་།

ཀ། དམངས་འཚོ་ལེགས་བཅོས་བྱུང་།། འགན་སྲུང་ཤུགས་ཆེར་བཏང་།།

སྡེ་དགེ་རྫོང་མ་ཎི་གད་མགོ་གྲོང་རྡལ་ནི་གྲལ་འགྲིག་པའི་བོད་ཁང་དང་གཙང་སྦྲ་དོད་པའི་ཁྲོམ་གཞུང་། གནམ་སྔོ་ཞིང་སྤྲིན་དཀར་བཅས་ལས་གྲུབ་པའི་ས་མཐོའི་མཁར་གྲོང་ཆུང་ཆུང་གི་མཛེས་ལྗོངས་ཤིག་ཡིན། རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་གྲོང་མི་རྡོ་རྗེའི་ཁྱིམ་དུ་གསར་དུ་བསྐྲུན་པའི་དཔེ་མཚོན་ཁང་པ་ནི་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཁྱད་ཆོས་ཟབ་མོ་ལྡན་ཡོད། འདབ་པའི་རྫོང་སེམས་ཀྱི་ཉི་ཟླ་གྲོང་རྡལ་དུ་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་ལས་མགྲོན་ཁང་དང་ཨར་ཁང་། གྲོང་མིའི་སྡོད་ཁང་བཅས་ཀྱི་སྣེ་ལེན་བྱ་ཡུལ་གྱི་ཚོང་ཧ་ཅང་ཡག་པོ་ཡོད་པ་ལ་སོགས་ཁྱོན་ཡོངས་ནས་ཆ་ཤས་བར་དང་མཁོ་ཆེའི་དངོས་པོ་ནས་ཆུང་གྲས་བར།2017ལོ་ནས་ད་བར་རང་ཁུལ་གྱིས་གྲོང་ཡུལ་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་གཏང་རྒྱུ་སྒུལ་ཤུགས་སུ་བྱས་ནས་དམངས་འཚོར་འགན་ལེན་བྱུང་བ་རེད།

མ་ཎི་གད་མགོ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་དབང་ཕྱུག་གིས་གེ་སར་རིག་གནས་ཡུལ་སྐོར་ཁུལ་གྱི་འགྲིམ་འགྲུལ་དུས་ཚིགས་གལ་ཆེན་དང་གཡུ་མཚོའི་རང་བྱུང་སྐྱེ་ཁམས་བར་ཁྱམས། ཁྲོ་ལའི་ཤར་ཕྱོགས་ཚོང་དོན་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་བཅས་ཀྱི་ངེས་གནས་ལྟར། གྲོང་རྡལ་དེས་གྲོང་ཡུལ་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ་གཞིར་བྱས་ཏེ་འབྲོག་ལས་ཡུལ་སྐོར་མཉམ་འགུལ་དང་ཚོང་འགྲུལ་མཉམ་འགུལ། རིག་གནས་དང་ཡུལ་སྐོར་མཉམ་འགུལ་བཅས་བྱས་པ་བརྒྱུད་ནས། ཡུལ་སྐོར་སྒེར་འཁོར་སྒར་ས་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་སྟེ“འབྲོག་ཁྱིམ་སྤྲོ་ཁང”དང“བོད་ཁྱིམ་སྤྲོ་ཁང”གྲོང་མིའི་སྡོད་ཁང་གི་སྣེ་ལེན་གཉེར་བས་མི་སེར་ཚོར་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་ཐོབ་པ་རེད་ཅེས་བཤད།

གྲོང་ཁྱེར་དང་གྲོང་གསེབ་གང་ཡིན་རུང་སྡོད་ཁང་ནི་མི་རྣམས་ཀྱིས་ཆེས་སེམས་ཁུར་བྱེད་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན། “སྲོལ་རྒྱུན་གྱི་ཤིང་ཆ་བསྐྲུན་པར་འགྲོ་སོང་མང་པོ་གཏང་དགོས་པར་མ་ཟད་སྔོ་ཁེབས་ལ་གཏོར་སྐྱོན་བཏང་ནས་སྣོད་བཅུད་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་ཀྱང་སྡོད་ཁང་འཛུགས་སྐྲུན་རྒྱུ་ཆ་གསར་པ་ཐོན་པ་དེས་དཀའ་གནད་དེ་ཞི་ལྷོད་དུ་སོང་ནས་ང་

ཚོས་སྣོད་བཅུད་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དེ་བས་ཤེས་རྟོགས་ཐུབ་ཡོད”ཅེས་བཤད། ད་ཆ་སྡོད་ཁང་གསར་པའི་སྐོར་གླེང་སྐབས་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་གྲོང་མི་རྡོ་རྗེས་སྡོད་ས་སྐྱིད་པར་མ་ཟད། ད་དུང་སྐྱེ་ཁམས་ཤེས་བྱ་ཡང་མང་པོ་ཞིག་ཤེས་ཀྱི་འདུག་ཅེས་བཤད།

“གསང་སྤྱོད་དཀའ”ཞེས་པ་དེ་ནི་དེ་སྔ་ང་ཚོའི་ཁུལ་གྱི་གྲོང་ཡུལ་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ཞིག་རེད། དེའི་ནང་སྤྱི་པའི་གསང་སྤྱོད་ཁང་ཉུང་བ་དང་ཁོར་ཡུག་ཞན་པ་དེ“གསང་སྤྱོད་དཀའ་བ”ཡི་རྨ་ངན་ལྟ་བུ་ཞིག་རེད། གྲོང་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག“གསང་སྤྱོད་དཀའ་བ”ཡི་གནད་དོན་རྩ་བ་ནས་མེད་པ་བཟོ་རྒྱུ་དེ་ཁུལ་ཡོངས་ཀྱི་གྲོང་ཡུལ་རིམ་སྤོར་ལས་གྲྭའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། 2017ལོ་ནས་བཟུང་ཁུལ་ཡོངས་སུ་སྤྱི་པའི་གསང་སྤྱོད་ཁང1300ལྷག་གསར་དུ་བསྐྲུན་པ་དང་གྲོང་གསེབ་དུད་ཚང་གི་གསང་སྤྱོད་ཁང130000ལྷག་ལ་བསྒྱུར་བཀོད་བྱས། “མཉམ་སྤྱོད་གསང་སྤྱོད་ཁང”500ལྷག་ཁྱབ་གདལ་བཏང་ཡོད།

དཀར་མཛེས་རྫོང་མཁར་སྒང་ཡུལ་ཤོག་གི་གྲོང་མི་སྟག་འབྲུག་གིས་སེམས་འགུལ་ཆེན་པོས“ལོ་འདིར་གྲོང་ཚོ་ཡོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ལྷག་པར་དུ་གསང་སྤྱོད་ཁང་ཡག་པོ་ཡོད་པར་མ་ཟད་དེ་སྔའི་གསང་སྤྱོད་ཁང་ལ་གཙང་སྦྲ་དེ་ཙམ་མེད་པ་དང་དྲི་ངན་ཆེ་བ་དང་འབུ་སྦྲང་། དུག་སྦྲང་སོགས་ཧ་ཅང་མང་པོ་ཡོད། ད་ཆ་གནོད་མེད་གསང་སྤྱོད་ཁང་མང་པོ་བསྐྲུན་པས་དྲི་ངན་མེད་པར་མ་ཟད་ཁ་ལག་དང་གཟུགས་པོ་ཡང་བཀྲུ་ཆོག་གི་རེད"ཅེས་བཤད།

ད་ཆ་ཁུལ་ཡོངས་ཀྱི“གསང་སྤྱོད་ཁང་གསར་བརྗེ”མཛེས་ལྗོངས་ཁུལ་ནས་ཡོངས་སུ་ཁྱབ་པ་དང་གྲངས་འབོར་ནས་སྤུས་ཚད་བར། བཀག་སྡོམ་དོ་དམ་ནས་སྒོ་དབྱེའི་དོ་དམ་བར་རྒྱ་བསྐྱེད་བཏང་བས་གྲོང་ཡུལ་འཛུགས་སྐྲུན་གྱི་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་པ་གསལ་བཤད་བྱས་ཡོད།

ཁ། རྣམ་པ་གསར་པའི་གྲོང་རྡལ་ལ།། ཁྱད་ཆོས་མངོན་གསལ་དོད་པོ་ལྡན།།

བྲག་མགོ་རྫོང་གི་རྫོང་གྲོང་གི་ལྟེ་བ་ཡང་ན་ཡུལ་སྡེ་གང་ཡིན་རུང་མྱོང་ཚོར་ཆེས་ཟབ་པ་ནི་ཚུལ་མཐུན་ལུགས་མཐུན་བྱུང་བ་དེ་རེད་འདུག། བྲག་མགོ་རྫོང་མཁར་གྲོང་གི་ལྟེ་བར་བསྐྱོད་སྐབས། འཛུགས་སྐྲུན་རེ་རེའི་ཉམས་འགྱུར་བཅོས་སྒྲིག་ལེགས་པོ་བྱས་ཤིང་རྩི་ཤིང་སྣ་ཚོགས་སྣོལ་མར་གནས་པ་དང་རྐང་ཐང་ཁྲོམ་གཞུང་གི་གཡས་གཡོན་གཉིས་སུ་ཤིང་གི་གྱང་དང་པ་སུའུ་ཐིག་རིས། ཁྱད་ལྡན་མཛེས་རྒྱན་སྤྲས་པའི་སྒེའུ་ཁུང་གི་སྒྲོམ་གཞི་སོགས་ལས“བོད་ཁང་གི་གྲོང་ཁྱེར”གྱི་ངེས་གནས་གང་ལེགས་མངོན་ཡོད་པ་རེད། རྣམ་པ་གསར་པའི་གྲོང་རྡལ་ཅན་དེ་རྫོང་གྲོང་དུ་གང་སར་ཁྱབ་ཡོད་པར་མ་ཟད། གྲོང་གསེབ་དུའང་གང་སར་མཐོང་རྒྱུ་ཡོད།

གསར་འགོད་པས་ཤེས་རྟོགས་བྱུང་བར། 2017ལོ་ནས་བཟུང་། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་ཅན་གསར་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བླང་བྱར་དམ་པོ་དམིགས་ཏེ། གྲོང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་ལ་ཁ་གཏད་ནས་གྲོང་ཡུལ་འཛུགས་སྐྲུན་དང་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། ད་སྔའི་བར་ཁུལ་ཡོངས་ཀྱི་གྲོང་ཁྱེར་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ56དང་གྲོང་ཁྱེར་གྱི་གཞུང་ལམ་སྟོང་སྨི475 ཆུ་མཁོ་འདོན་བྱེད་ཚད་སྟོང་སྨི768 ཆུ་ཕྱིར་གཏོང་ཚད་སྟོང་སྨི542 ཆུ་འབུད་མདོང་ལམ་སྤྱི་ལེ་བརྒྱ་ཆ22.4བཅས་ཟིན་ཡོད་པ་རེད། 2020ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ34ཟིན་ནས2017ལོའི་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་གྲངས4.7འཕར་བ་རེད།

གྲོང་ཡུལ་གྱི“བཙོག་ཟིང་ཞན་གསུམ”གྱི་གཅོང་ནད་སེལ་བ་ནི་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། “འཛམ་གླིང་གི་མཐོ་གྲོང”ལི་ཐང་གི་ཁྲོམ་གཞུང་དུ་སྐྱོད་སྐབས“མཛེས་སྡུག་དང་གཙང་མ། གྲལ་དག”སོགས་ཀྱི་ཐ་སྙད་རྣ་བར་ཐོས་རྒྱུ་ཡོད་པ་རེད། འོན་ཀྱང་དེ་སྔ་གྲོང་ཁྱེར་གྱི་འགྲོ་ལམ་ཁོད་མི་སྙོམས་པ་དང་བཙོག་ཆུ་གང་སར་བཞུར་བ། གད་སྙིགས་གང་སར་ཁྱབ་པ་བཅས་ལས་ལི་ཐང་གི“ཁམས་ལྷོ་ལྟེ་གནས”ཀྱི་གྲོང་ཁྱེར་གྱི་ངེས་གནས་དང་གྲོང་ཁྱེར་གྱི་ངོ་གདོང་བར་ཁྱད་པར་ཆེན་པོ་བྱུང་བ་རེད།

ད་སྔའི་བར་ཁུལ་ཡོངས་སུ་བཙོག་ཆུ་ཐག་གཅོད་བཟོ་གྲྭ(ས་ཚིགས)44བསྐྲུན་ཞིང་། དེ2017ལོའི་ལོ་མཇུག་དང་བསྡུར་ན39མང་དུ་ཕྱིན། གད་སྙིགས་གཙང་སེལ་བྱེད་ས(ས་ཚིགས)61བསྐྲུན་པ་དེ2017ལོའི་ལོ་མཇུག་དང་བསྡུར་ན43མང་དུ་ཕྱིན་ཡོད་པ་རེད། དུས་མཚུངས་སྲིད་འཛིན་གྲོང་ཚོ1999ལོར་གད་སྙིགས་བསྡུ་འདྲེན་སྒྲིག་ཆས་བཀོད་སྒྲིག་བྱས་པ་དེ2017ལོའི་ལོ་མཇུག་དང་བསྡུར་ན639ཇེ་མང་དུ་ཕྱིན་པ་དང་ཁྱབ་ཚད་བརྒྱ་ཆ62.3ནས་བརྒྱ་ཆ91.6བར་མང་དུ་ཕྱིན་ཡོད་པ་རེད།

ཁུལ་སྡོད་ཁང་དང་གྲོང་ཡུལ་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁུལ་ཡོངས་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་གཉེར་སྐྱོང་སྔར་བས་ཚད་ལྡན་དུ་བཏང་ནས་རྣམ་པ་གསར་པའི་གྲོང་རྡལ་ཅན་འཛུགས་སྐྲུན་དམ་འཛིན་བྱ་གཞིར་གྱུར་ཡོད། མིག་སྔར་རང་ཁུལ་གྱིས་རེས་སྐོར་གསར་པའི་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གྲོང་ཡུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་པའི“ལོ་གསུམ་བྱ་སྤྱོད”སྤེལ་མགོ་ཚུགས། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་ཚད་བརྒྱ་ཆ99ཡན་ཟིན་པ་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་འདྲེན་མ་ལག་ཁྱབ་ཚད་བརྒྱ་ཆ100ཟིན། ཞིང་ཆེན་ཡོངས་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ཚད་ཀྱི་བླང་བྱ་དང་མཐུན་པ་བཅས་བྱས་ཏེ་རྣམ་པ་གསར་པའི་གྲོང་རྡལ་ཅན་འཛུགས་སྐྲུན་བྱ་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་རེད།

ག། གྲོང་ཡུལ་འཛུགས་སྐྲུན་གང་ལེགས་བྱས།། འཕེལ་རྒྱས་སྐུལ་འདེད་ཇེ་མགྱོགས་བཏང་།།

“སྔར་ནས་བཟུང《དར་མདོའི་མཛའ་གཞས》བརྒྱུད་ནས་དར་མདོ་གོ་མྱོང་ཡོད་ཅིང་། ད་ཐེངས་དར་མདོར་ཡུལ་སྐོར་དུ་སྐྱོད་སྐབས་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་ཧ་ཅང་ཡག་པོ་འདུག། ང་རང་ཡིན་ན་ས་ཆ་ག་ས་གང་ལ་སོང་མྱོང་ཡང་ཅི་འདྲ་ཞིག་ལ་མཛེས་སྡུག་ཅེས་པ་ཐེངས་འདིར་ཐོག་མ་ཤེས་པ་ཡིན། དེ་ཡང་དར་མདོ་གྲོང་ཁྱེར་གྱིས་དཔེ་སྟོན་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཁ་འབྲལ་ཐབས་མེད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དེས་མཛེས་སྡུག་ལྡན་པའི་དར་མདོ་དང་ཐོན་ལས་དར་མདོ། རིག་གནས་དར་མདོ། བདེ་སྐྱིད་དར་མདོ་བཅས“བཞི་ལྡན་དར་མདོ”འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་གཙོ་བོར་བྱས་ནས“ཁྲིན་ཏུ་དང་ཁྲུང་ཆིང་རྗེས་ཀྱི་མེ་ཏོག་ལྡུམ་ར·ཁམས་གསོ་དང་སྤྲོ་གསེང”ཞེས་པའི་བརྗོད་བྱ་གཙོ་བོའི་ངེས་གནས་ལ་དམ་པོར་དམིགས་ནས་ཆེས་མཛེས་པའི་རྫོང་གྲོང་དང་ཆེས་མཛེས་པའི་གྲོང་རྡལ། ཆེས་མཛེས་པའི་གྲོང་གསེབ་བཅས་ཧུར་ཐག་གིས་བསྐྲུན་ཡོད་པ་རེད།

དབྱར་ཁར་སླེབས་སྐབས། འདབ་པ་རྫོང་བཅིངས་གྲོལ་གྲོང་རྡལ་ནས་མཁར་གྲོང་གཞུང་ལམ་གཡས་གཡོན་གྱི་མེ་ཏོག་སྣ་ཚོགས་ནི་ཕྱོགས་བཞིའི་སྐུ་མགྲོན་ལ་བསུ་མ་ཞུ་བའི“གུས་དམག”ཅིག་ཏུ་གྱུར་ཡོད། ས་མཐོའི་ཉི་འོད་འོག་མེ་ཏོག་ཚོ་རླུང་གིས་དལ་བུར་གཡོ་བ་དང་གཙང་སྦྲ་དོད་པའི་ཁྲོམ་ལམ་ཡངས་ཤིང་རྒྱ་ཆེ་ལ་དམིགས་བསལ་གྱི་བཟོ་བཀོད་མིག་ལམ་དུ་མངོན་ནས་ས་མཐོའི་གྲོང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ཡོད།

འབད་བརྩོན་བྱས་པ་བརྒྱུད་འདབ་པ་རྫོང་གི་གྲོང་ཡུལ་འཛུགས་སྐྲུན་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཅིང་། 2019ལོར་ཁུལ་ཡོངས་ཀྱི“རྫོང་གྲོང་མཛེས་ཤོས”སུ་བདམས་པ་རེད། གཞན་ཡང་རྫོང་དེས་རྒྱལ་སྤྱིའི་རྩེར་སོན་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་ཚད་གཞི་མཐོན་པོའི་ཐོག་ནས་འཆར་འགོད་བྱས་ཡོད། འདབ་པ་རྫོང་གིས་རྫོང་མཁར་གསར་པའི་རྣམ་པ་བསྒྱུར་བཀོད་དང་ས་འོག་གི་མདོང་ལམ་དང་སྔོ་སའི་རྒྱུད་ཁོངས“1+5”ཡི་སྤྱིའི་འཆར་འགོད་མ་ལག་བཟོས་ཚར་བར་མ་ཟད་ཉམས་འགྱུར་བསྒྱུར་བཀོད་སྨི་ངོས་གྲུ་ཁྲི6ལྷག་ལེགས་སྒྲུབ་བྱས་ནས་ས་ཁོངས་རང་བཞིན་གྱི་རྐང་ཐང་ཁྲོམ་གཞུང་དང་དམངས་སྲོལ་རིག་གནས་ཁྲོམ་ལམ། རོལ་དབྱངས་ཀྱི་ཆུ་ཚན་དང་། འདམ་རའི་སྤྱི་གླིང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྲོ་གསེང་རོལ་རྩེད(ཉེན་གཡོལ)ཐང་ཆེན་བཞི་བསྐྲུན་ཡོད།“འདབ་པའི་བག་ཆགས”ལ་མི་རིགས་ཀྱི་ཁྱད་ཆོས་དེ་བས་ལྡན་པ་དང་གྲོང་ཁྱེར་གྱི་སྤུས་ཚད་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏང་རྒྱུ་དང་མ་གྲོས་གཅིག་མཐུན་བྱུང་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ད་སྔའི་བར་རང་ཁུལ་གྱི་ཡུལ་བབ་དང་བསྟུན་ནས“ཡུལ་སྲོལ་གོམས་གཤིས་གྲོང་རྡལ་ཆུང་ངུ”135བསྐྲུན་པ་དང་།《དཀར་མཛེས་ཁུལ་གྱིས་ལྟེ་བའི་གྲོང་རྡལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བཟོས་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་།“ཞིང་ཆེན་རིམ་པའི་ཕུལ་བྱུང་ལྟེ་བའི་གྲོང་རྡལ”གྱི་འོས་འདེམས་གྲོང་རྡལ12མཛོད་དུ་བཅུག་ཡོད་པ་དང་། དེ་དང་ཆབས་ཅིག་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུ་དམ་འཛིན་བྱས་ཏེ་ཐོན་ལས་དང་གྲོང་ཚོ་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པས་ཁུལ་ཡོངས་ཀྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ན་ནིང་ཟླ6པར་རང་རེའི་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི“སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་གྲོང་ཁྱེར(ཁུལ)10ཡི་གྲས་སུ་བཅུག་ཡོད།

མཛེས་སྡུག་ལྡན་པའི་རྣམ་པ་ནས་ནང་རོལ་གྱི་ཉམས་འགྱུར་དང་། ཁྲོམ་གཞུང་གི་ཐོག་བརྩེགས་ནས་ཞིང་ནང་གི་གྲོང་ཚོ། ཁོར་ཡུག་ལེགས་སུ་ཕྱིན་པ་ནས་དངུལ་ལོར་མང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་གྲོང་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས་གྲོང་ཁྱེར་ཅན་གྱི་འཕེལ་རིམ་དང་གྲོང་ཡུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པའི་ལེའུ་གསར་པ་ཞིག་བརྩམས་ཡོད། གྲོང་ཡུལ་གྱི་འཛུགས་སྐྲུན་ལ་ནམ་ཡང་རྫོགས་མཐའ་མེད་པ་དང་། འཕེལ་རྒྱས་ད་དུང་མུ་མཐུད་གཏོང་བཞིན་ཡོད་པས་གནས་མཆོག་དཀར་མཛེས་ཀྱི་གྲོང་ཡུལ་འཛུགས་སྐྲུན་གྱི་འབྱུང་འགྱུར་ལ་དེ་བས་རེ་སྒུག་བྱ་ཆོག་ཅེས་གསུངས་པ་རེད།



  • ལེ་ཚན་སྔོན་མ།: ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་དཀར་མཛེས། བྲག་མགོ་སོགས་ཀྱི་རྫོང་ཁག་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།