ཐོལ་བྱུང་གྱ་གྱུ།

གངས་ཆུ་ཤེལ།        2022-01-04

ལས་ནི་རླུང་བུས་སྤྲིན་པ་དེད་པ་འདྲ། །

སྐྱིད་སྡུག་གྲིབ་མ་བཞིན་དུ་གཡོ་སྐྱོམ་བྱེད། །

མི་ཚེ་དགའ་ཉེ་སྤུན་ལ་ཆགས་སྟངས་ཀྱང་། །

ཞིབ་ཏུ་བསམས་ན་སྙིང་བོ་གང་ལ་གཏུག །

རུ་སྡེ་ཕུ་ནུའི་བཙན་རྫོང་འགྱུར་མེད་ཀྱང་། །

ཞིབ་ཏུ་བསམ་ན་འགན་འཁྲི་ལྷག་མ་སྟེ། །

སེམས་འཇུ་མི་བརྟན་བུ་མོའི་ལང་ཚོ་ལ། །

མི་ཚེའི་བསམ་དོན་བཏང་བ་ཡ་རེ་ང་། །

ང་ནི་སྤྲང་ཁྱིམ་ཡུགས་མོའི་ཤུལ་འཛིན་ཏེ། །

རིགས་ཀྱི་བདེན་པ་མཐོངས་སུ་དཔྱང་བར་དཀའ། །

དབྱངས་གསལ་འཚོ་བའི་གཞུང་ལ་བསྟར་བ་ལས། །

གསོན་པའི་བརྡ་དོན་མུན་པའི་མེ་སྟག་ཡིན། །

འུ་ཅག་མྱ་ངན་ཐང་གི་བྱེ་མ་སྟེ། །

གཅིག་ཏུ་སྒྲིལ་བའི་བསོད་ནམས་ཡོངས་སུ་ཟད། །

སྣང་བ་རླུང་ལ་ཁུར་བའི་ས་སྲོད་དུ། །

རང་རང་ཡུལ་གྱིས་སྐལ་བའི་སྨྲེང་བ་བྲུག །

བདག་ཡིད་ཙན་དན་ལྗོན་པའི་འདབ་སྟེང་དུ། །

སྐྱབས་གཅིག་འཕགས་མ་སྒྲོལ་ལྗང་རྟག་བསུས་ཀྱང་། །

སྐྱེ་སྔོན་ལས་འབྲས་ཤྭ་ཁྱུ་འདོགས་ཚུལ་གྱིས། །

ང་ཡི་ཚེའདིའི་རྨི་ལམ་དཀྲོག་ཚུལ་མང་། །

རང་སྣང་མེ་རླབས་དགུང་ལ་འཕྱུར་བ་ཡིས། །

ཡིད་འཕྲོག་འདུན་པ་ག་ཤེད་ཅིག་ལ་བཀྱེད། །

ལེགས་བྱས་ཉིན་སྐར་ཙམ་དུ་བདེན་གྱུར་བའི། །

སྐྱེ་འདི་བསམས་ན་རང་ཡང་འགྱོད་པས་རུབས། །

  • ལེ་ཚན་སྔོན་མ།:སྐྱེད་མོས་ཚལ་གྱི་མགྱོགས་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།