ད་ནི་བདུད་བྷེ་ཇེ་དྲན་རེད།

འཇུ་རབ་གསལ།        2021-12-27

ལྷ་ཡི་རོལ་མོ་ཁྱེད་ཡིན་ནམ།།

ཚངས་པའི་མགྲིན་པ་ཁྱེད་ཡིན་ནམ།།

འཇིག་རྟེན་འདི་ནས་ཁྱེད་བཞུད་པས།།

སྙན་པའི་སྒྲ་ཀུན་ངུ་བཞིན་འགགས།།

སྙིགས་མའི་སྐྱེ་བོ་ཕལ་མོ་ཆེ།།

ངན་སོང་ཁོ་ནར་ལྟུང་བས་ན།།

ལྷ་ཡི་ཡུལ་དཔོན་སུན་དྲགས་ཏེ།།

ཁྱེད་ཉིད་བོས་པ་སྔ་སོང་ངོ་།།

བོད་རྒན་ཁ་སྤུ་ཚོམས་ཚོམས་ཁྱེད།།

འབྲོག་རྒན་རལ་པ་རིང་པོ་ཁྱེད།།

རོང་འབྲོག་དགའ་བའི་ཁུ་བྱུག་ཁྱེད།།

ནམ་ཡང་དབྱངས་ཀྱི་རྡོ་རིང་ངོ་།།

མངའ་རིའི་སྒྲ་སྙན་ཁྱེད་ལ་འཁྲུལ།།

མན་ཏི་ལིན་ལ་ཁྱེད་ཅེས་འབོད།།

དུས་རབས་ཤིག་གི་གནམ་ས་ན།།

ཁྱེད་ཉིད་མ་གཏོགས་སུ་ཡང་མེད།།

སྐྱོ་བའི་སེམས་གསོ་ཁྱེད་ཡིན་ལ།།

སྙོམས་འཇུག་བདེ་དགེའི་དཔལ་ལ་འགོད།།

སྤྲོ་བའི་སྣོན་མ་ཁྱེད་ཡིན་ཏེ།།

སེམས་པར་གཤོག་ཟུང་ཐོགས་པར་བྱེད།།

དབྱངས་ཀྱི་རྣལ་འབྱོར་ཁྱེད་བཞུད་ཞོར།།

བོད་ཀྱི་རྡུང་ལེན་ཁྱེར་སོང་ངམ།།

འདི་ན་དཀྲོལ་ལེན་ཞེས་བྱ་བས།།

རྣ་བ་ཅུང་ཟད་ཚ་བར་བྱེད།།

ཁྱེད་ཉིད་འདས་པའི་ཉམས་ཆག་གིས།།

གངས་རིའི་དབྱངས་ཀྱི་ཕོ་བྲང་དུ།།

དཀྲོལ་གྱེར་གནོན་ལེན་ལ་སོགས་ཏེ།།

འབྱུང་པོའི་རིགས་ཀྱང་འབྱུང་གྲབ་བྱེད།།

ཁུ་བྱུག་དབྱངས་ཀྱི་འགྱུར་ཁུག་ཉིད།།

ཁྭ་ཏའི་ཨག་གིས་བརྒྱན་ནོ་ལོའི།།

ཁྲེལ་མེད་ཁྲམ་པའི་རུ་དཔུང་ལ།།

ཚངས་དབྱངས་བུ་མོ་ཅིས་མི་ངུ་།།

གངས་རིའི་དབྱངས་ཀྱི་རིང་ལུགས་སུ།།

ཁྱེད་ལས་འགའ་ཡང་མི་འདུག་ལ།།

རྗེས་སུ་འབྱོན་པར་ཆེས་དཀའ་ཕྱིར།།

ཁྱེད་ནི་གངས་སེང་ངར་སྒྲ་འོ།།

ཁུ་བྱུག་གཤེགས་པ་ཅུང་སྔ་སོང་།།

ཞིབ་ཏུ་བསམ་ན་མི་སྔ་སྟེ།།

རོལ་མོའི་དགུན་དང་སྙིགས་མའི་དབྱངས།།

མ་ཐོས་མ་གསན་བསོད་ནམས་ཆེ།།

  • ལེ་ཚན་སྔོན་མ།:གནམ་མཚོ་ཕྱུག་མོ།
  • ལེ་ཚན་རྗེས་མ།:འཆི་བདག་གི་རུམ་ནས་སད་ཀྱང་།