མོ་ནད་གསར་པ།

འཇུ་རབ་གསལ།        2021-12-27

ཀ་དག་ཤེལ་དཀར་གྱི་སྐུ་གཟུགས་མཛེས་ཀྱང་།།

ཁ་དོག་དཀར་དམར་གྱི་སྒེག་ཚོས་ཡག་ཀྱང་།།

ག་དར་ངག་སྒོ་ན་བོད་སྐད་མེད་པའི།།

ང་ཡི་སྲིང་ཆུང་མར་ནད་ཅིག་ཕོག་འདུག།


ཅ་དག་མཐོ་སློབ་ཀྱི་གླིང་ནས་ཐོན་ཡང་།།

ཆ་རྫོགས་རིག་གཞུང་ལ་ཡུན་རིང་སྦྱངས་ཀྱང་།།

ཇ་ཁ་ཆང་ཁ་ནས་སྐད་ཡིག་བོར་བའི།།

ཉ་མ་བུ་མོ་ཚོར་ནད་ཅིག་ཕོག་འདུག།


ཏ་ཐཱ་ག་ཏ་དད་མདོག་ཆེ་ཡང་།།

ཐ་ཆད་སྤྱོད་པ་ལ་འཛེམ་ཟོལ་སྟོན་ཡང་།།

ད་ཆ་ཁ་ནང་ན་བོད་ལྕེ་ལྐུགས་པའི།།

ན་མཉམ་ཆུང་འདྲིས་མར་ནད་ཅིག་ཕོག་འདུག།


པ་སངས་ལྷ་མོ་ལགས་དབྱིན་ཡིག་མཁས་ཀྱང་།།

ཕ་བཟང་གཡང་སྐྱིད་མ་རྒྱ་ཡིག་བཟང་ཡང་།།

བ་གམ་བརྩེགས་འདོགས་ཀྱི་བོད་ཡིག་བརྗེད་པའི།།

མ་ཅིག་མཁྱེན་ལྡན་མར་ནད་ཅིག་ཕོག་འདུག།


ཙ་རི་གནས་སྐོར་ལྟར་བྱེས་སུ་གྱར་ཡང་།།

ཚ་རུའི་ལྭ་བའི་ནང་གཞིས་ན་ལུས་ཀྱང་།།

ཛ་དྲག་གནས་བབ་ལས་ཕ་སྐད་ཡལ་བའི།།

ཝ་མགོ་ཞི་མོ་འགར་ནད་ཅིག་ཕོག་འདུག།


ཞྭ་གོས་དཔེ་གསར་གྱི་འཇོ་སྒེག་མཐོ་ཡང་།།

ཟ་ཚོ་ནང་མི་ལ་བྱམས་བརྩེ་ཟབ་ཀྱང་།།

འ་འུར་སྤྱི་ཚོགས་ནས་མ་ཡིག་རླག་པའི།།

ཡ་རབས་ཁྱིམ་འཛིན་མར་ནད་ཅིག་ཕོག་འདུག།


ར་བ་གངས་ལྗོངས་ནས་རེ་བ་ཆེ་ཡང་།།

ལ་ལུང་ཡུལ་གྲུ་ན་སྙན་པ་རྒྱུས་ཀྱང་།།

ཤ་ཉེ་སྤུན་ཟླའི་བར་ལོ་ཙཱ་དགོས་པའི།།

ས་འདིའི་སྐར་ཆེན་མར་ནད་ཅིག་ཕོག་འདུག།


ཧ་ཅང་དོན་ཆེན་དག་ཟིན་བྲིས་སྤེལ་ཡང་།།

ཨ་ཅེས་བརྩེ་བའི་འཕྲིན་རྒྱུན་པར་གཏོང་ཡང་།།

ཧ་ལམ་དབྱངས་གསལ་གྱི་དྲི་ཙམ་མེད་པའི།།

ཨ་མའི་སྐྲ་རིང་མར་ནད་ཅིག་ཕོག་འདུག།


  • ལེ་ཚན་སྔོན་མ།:དབྱར་འཁྱག་པ།
  • ལེ་ཚན་རྗེས་མ།:འཆི་བདག་གི་རུམ་ནས་སད་ཀྱང་།