གནམ་མཚོ་ཕྱུག་མོ།

སྲད་འདབ་གསར།        2021-12-24

ང་གནམ་མཚོར་འགྲོ་མ་མྱོང་།

ཡིན་རུང་། ཆལ་ཆིལ་དུ་གཡོ་བའི་རླབས་སྒྲ་དེ་གསལ་ལེར་ཐོས་འོང་།

ལིང་ལིང་དུ་བགྲོད་པའི་ལྷ་གཡག་དཀར་པོ་དེ་ལྷང་ངེར་དྲན་འོང་།

གྲང་ངར་གྱིས་འགྲམ་ལྕག་བཞུས་པའི་དགུན་གཞུང་དེར།

གནམ་མཚོ་ཕྱུག་མོ།

ཁྱོད་ཀྱང་གནས་མལ་ཞིག་ན་དྲོ་སོབ་བེར་འདུག་གམ།

ཁྱོད་ཀྱང་ཤོག་བུའི་ངོས་སུ་སྙན་ངག་ཅིག་འབྲིའམ།

ལས་འཕྲོ་ཞིག་གི་མདུད་པ་ཐེབས་མ་མྱོང་བའི།

ཆ་རྐྱེན་ཞིག་གི་ཟམ་ཆུང་བསྐྲུན་མ་ཐུབ་པའི།

དབྱངས་གསལ་ལ་འཁྱུད་ཅིང་ཡིད་བརྙན་ལ་འཁྲེང་བའི་ང་རང་།

སྔར་བཞིན་ཁྱོད་ཀྱི་ལང་ཚོ་དེ་དྲན་ཁུལ་བྱེད་བཞིན་ཡོད།

སྔར་བཞིན་ཁྱོད་ཀྱི་དཔལ་ཡོན་ལ་བསྟོད་ཁུལ་བྱེད་ཀྱིན་ཡོད།

གནམ་མཚོ་ཨ་གནམ་མཚོ་ཕྱུག་མོ།

ང་ཁྱོད་ཀྱིས་ཕང་བར་རུམ་སྟེ་ཞག་སྡོད་ཅིག་མ་བྱས་པར།

ཁྱོད་ཀྱི་སྙིང་གཏམ་ཡོད་ཚད་གཞན་ལ་མ་འཇོ་རོགས།

ང་ཁྱོད་ཀྱི་མགྲིན་པར་འཁྱུད་དེ་ཆགས་ཚིག་ཅིག་མ་གླེང་བར།

ཁྱོད་ཀྱི་ལྷ་མོ་ལྟ་བུའི་པདྨའི་སྡོང་པོ་དེ་ཡེ་ནས་མ་འགུགས་རོགས།

ནམ་ཞིག། ང་ཡང་གསེར་བྱ་ངང་པ་བཞིན་ཁྱོད་དང་བྲལ་དུས།

མཆི་མའི་བཞུར་རྒྱུན་དེ་ཕར་ལ་འཕྱིས་ཏེ་བདག་ལ་གུ་ཡངས་ཀྱི་སྲིད་ཇུས་ཤིག་གནང་རོགས།

གང་ལགས་ཞེ་ན་ཅི་ཡང་མ་ཡིན་ཏེ།

མེ་ལོང་དང་འདྲ་བའི་ཁྱེད་ཀྱི་ཞིང་ཁམས།

ཁོ་བོའི་དུག་རྫས་ཀྱིས་སྦགས་པར་མ་བཟོད་པས་སོ།།

ལོ་དེ་ལ།

ང་རྒྱལ་གྱི་སྟོང་བསམ་དོ་པོ་གང་།

རབ་རིབ་ཀྱི་འཆར་གཞི་དེབ་ཆུང་གཅིག།

ལོ་དེ་ལ། བདག་ནི་ཁུར་གྱིས་ལྕི་བའི་གཡག་གུ་ཆུང་ཆུང་ཞིག་མིན་ནམ།

བདག་ནི་ཐང་དུ་བོར་བའི་ཉམ་ཐག་བྱ་གླག་ཅིག་མིན་ནམ།

པོ་ཏ་ལ་དང་རྫོང་རྒྱབ་ཀླུ་ཁང་།

གཙུག་ལག་ཁང་དང་གཡུ་ཐོག་ཟམ་པ།

ལོ་དེ་ལ། དེ་དག་ནི།

ངའི་སྙན་ངག་གི་རྟ་ཕོ་རབ་ཏུ་མྱོས་པའི་ཨ་རག་བདུད་རྩི་ཡིན།

བར་སྐོར་དང་མ་སྐྱེས་ཨ་མ།

གངས་དཀར་གཡང་འཁྱིལ་དང་དཀར་མཛེས་ལ་ཕིང་།

ལོ་དེ་ལ། དེ་དག་ནི།

ངའི་རེ་སྒུག་གི་ལོ་ཟླར་གསལ་ལེར་བྲིས་པའི་དབུ་ཁྱུད་ཡིན།

སྤང་ལྗོངས་སུ་འཕར་སྤྱང་ལྡང་བའི་ལོ་དེ་ལ།

ལྷ་ཁང་དུ་གད་སྙིགས་བསྲེག་པའི་ལོ་དེ་ལ།

བདག་ཀྱང་འཕར་སྤྱང་བཞིན་ལུག་ཁྱུའི་འཛིང་རགས་གཏོར།

བདག་ཀྱང་གད་སྙིགས་བཞིན་ཕྱོགས་ནས་ཕྱོགས་སུ་འཕྱན།

ད་དུང་། ཟླ་འོད་བཞིན་སྐྱ་ཤར་རེར་བཀྱེད་པའི་ལོ་དེ།

ས་ཆེན་ལྟར་དབེན་ཐིང་ངེར་གཉིད་པའི་ལོ་དེ།

ང་དང་ཁྱེད་ཀྱི་གངས་རི་དཀར་པོར་རྒྱ་སེ་དམར་མོ་ཁྲ་མེར་བཞད་པའི་དུས་ཚིགས་དེའོ།།

  • ལེ་ཚན་སྔོན་མ།:སེམས་བསྐྱེད་ཅིག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།