རིག་དངོས་རྐུ་སྔོག་ལྐོག་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-12-23

 སྤྱི་ཚེས་13ཉིན་ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་རིམ་པ་དང་པོའི་མཐོ་རིམ་ཉེན་རྟོག་དཔོན་དབྱང་ཉན་ཧུའུ་ཡིས་པེ་ཅིན་དུ་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ཅང་སུའུ་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེ་པུས་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱེད་བཞིན་པའི་ཅང་དབྱིན་གྱི“4·3”ཡི་རིག་དངོས་རྐུ་སྔོག་ལྐོག་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ཅིང་། རྐུ་སྔོག་ལྐོག་འཚོང་གི་འབྲེལ་ཐག་ཧྲིལ་པོ་རྩ་མེད་བཟོས་པ་དང་ཉེས་གསོག་དོགས་ཅན་58འཛིན་བཟུང་དང་རིམ་པ་དང་པོའི་རིག་དངོས་2བདའ་འདེད་བཏང་ཡོད་པ་རེད། 

    ཉིན་དེར་ཀྲུང་གོའི་སྤྱི་བདེ་པུས་“སློབ་གསོ་དག་ཐེར་ལ་གྲུབ་འབྲས་ཐོན་དགོས་པ་དང་། ངས་མང་ཚོགས་ཆེད་དུ་དོན་དངོས་གྲུབ་”ཅེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་སྡེ་ཚན་དང་མཉམ་དུ་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བའི་བྱེད་ཐབས་དང་ཕན་འབྲས་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་དང་བཀོད་སྒྲིག་བྱས་ཡོད་པ་རེད།  

    དབྱང་ཉན་ཧུའུ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ཅང་སུའུ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་རིག་དངོས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འགོག་ཟོན་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཉེ་ཆར་སྤྱི་བདེ་པུས་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱེད་བཞིན་པའི་ཅང་དབྱིན་“4.3”རིག་དངོས་རྐུ་སྔོག་ལྐོག་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། རྐུ་སྔོག་ལྐོག་འཚོང་གི་འབྲེལ་ཐག་ཧྲིལ་པོ་རྩ་མེད་བཟོས་ཤིང་། ཉེས་གསོག་དོགས་ཅན་58འཛིན་བཟུང་བྱས་པ་དང་། རྫ་ཆས་དང་། རྩི་ཆས། གསེར་དངུལ་ཡོ་བྱད་སོགས་རིག་དངོས་སྣ་ཁ་1100ལྷག་ཙམ་གཞུང་བཞེས་བཏང་ཡོད་པ་རེད། དེའི་ནང་རིམ་པ་དང་པོའི་རིག་དངོས་2དང་། རིམ་པ་གཉིས་པའི་རིག་དངོས་13 རིམ་པ་གསུམ་པའི་རིག་དངོས་49བཅས་གསལ་འབྱེད་ཐུབ་ཡོད་པ་རེད། 

    དབྱང་ཉན་ཧུའུ་ཡིས་“ལྷག་པར་དུ་འཛམ་གླིང་ཐོག་་གྲངས་ཚད་ཉུང་ཞིང་རྩ་ཆེ་བའི་ལུང་ཆོན་ཡའོ་ཡི་གཡུ་རྩིའི་སྤོས་ཕོར་དང་གཡུ་རྩིའི་གཞོང་བ་ཟུར་བརྒྱད་མ་སྟེ་རིམ་པ་དང་པོའི་རིག་དངོས་གཉིས་”རྩད་ཆོད་ཡོད་ཅེས་གསུངསའདུག   རིག་དངོས་སྡེ་ཚན་གྱིས་གསལ་འབྱེད་བྱས་པ་བརྒྱུད་སྔོག་འདོན་བྱས་པའི་བང་སོ་དེ་སུང་རྒྱལ་རབས་ཀྱི་རིམ་པ་མཐོ་བའི་གནའ་བོའི་བང་སོ་ཞིག་ཡིན་པ་དང་། ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། དེ་ནི་ཅང་སུའུ་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་བའི་ལོ་ཤས་རིང་རྩད་ཆོད་བྱུང་བའི་གྱོད་གཞི་ལས་གྱོད་འབྲེལ་མི་སྣ་མང་ཤོས་དང་། ཉེས་གསོག་འབྲེལ་ཐག་ཆ་ཚང་ཤོས། བདའ་འདེད་རིག་དངོས་རིམ་པ་མཐོ་ཤོས་བཅས་ཀྱི་རིག་དངོས་ཉེས་གསོག་གྱོད་གཞི་ཚབས་ཆེན་ཞིག་རེད།  

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2021ལོའི་ལོ་འགོར། ཝུའུ་ཞི་ཅང་དབྱིན་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་རང་འགུལ་ངང་ཁུངས་སྣེ་མཐིལ་རྟོགས་གྲལ་བཤེར་བྱེད་སྐབས་ཅང་དབྱིན་ནས་ཅང་ཞིའི་བར་རིག་དངོས་ལྐོག་འཚོང་རྒྱག་བཞིན་པའི་ཁུངས་སྣེ་གལ་ཆེན་ཞིག་ཤེས་རྟོགས་བྱུང་བ་དང་། ཟླ་བ་4ལྷག་ཙམ་རིང་དཀའ་སྤྱད་མྱུལ་ཞིབ་བྱས་པ་བརྒྱུད་ཆེད་དོན་ཚོགས་ཆུང་གིས་ཐང་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་སོགས་ཀྱིས་གཙོས་པའི་ས་འོག་རིག་དངོས་ཉེས་གསོག་དྲ་བ་ཞིག་རིམ་གྱིས་རྩད་ཆོད་པ་རེད། 

    དབྱང་ཉན་ཧུའུ་ཡིས་གྱོད་གཞི་དེ་སྤྱི་བདེ་པུའུ་ལ་སྙན་སེང་ཞུས་རྗེས་སྤྱི་བདེ་པུའི་ཉེས་དོན་མྱུལ་ཞིབ་ཅུད་ཀྱིས་དེ་སྐུལ་སྒྲུབ་གྱོད་གཞིའི་ནང་བཅུག་ནས་ཅང་སུའུ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་བདེ་ལས་ཁུངས་ལ་བཀོད་འདོམས་ཀྱིས་སྟོབས་ཤུགས་ཧྲག་སྒྲུག་བྱས་ནས་མྱུལ་ཞིབ་འགག་སྒྲོལ་ལ་གཞོལ་བ་ཡིན། སྤྱི་ཟླ་4པའི་ཟླ་འགོར། ཆེད་དོན་ཚོགས་ཆུང་གིས་རེས་སྐོར་དང་པོའི་འཇུ་བཟུང་བྱ་སྤྱོད་སྤེལ་ནས་ཐང་ཆེ་གེ་མོ་སོགས་རྐང་འཛིན་པ་གཙོ་བོ་10འཛིན་བཟུང་བྱས། འདྲི་རྩད་ཟབ་མོ་དང་ཁུངས་འདེད་རྗེས་འདེད་ཀྱིས་ཅང་སུའུ་དང་། ཅང་ཞི། ཀུད་ཀྲོའུ། སི་ཁྲོན་སོགས་སུ་གཅིག་སྡུད་འཇུ་བཟུང་བྱ་སྤྱོད་ཐེངས་མང་སྤེལ་ལ། སྔ་རྗེས་སུ་ཞུས་ཆེ་གེ་མོ་དང་། ཀྲོའུ་ཆེ་གེ་མོ། ཡན་ག་གེ་མོ་སོགས་རིག་དངོས་རྩད་ཞིབ་དང་། རྐུ་སྔོག ལྐོག་འཚོང་རྒྱག་མཁན་མི་ངན་42འཛིན་བཟུང་བྱས་པ་དང་། ཁུངས་འདེད་རྩད་གཅོད་ཀྱིས་རིག་དངོས་སྣ་ཁ་1100ལྷག་བདའ་འདེད་བཏང་བ་དང་། རྐུ་སྔོག་བྱས་པའི་རིག་དངོས་ནི་ཅང་དབྱིན་ཅང་ཝན་གྲོང་གི་འཛུགས་སྐྲུན་ལས་ཡུལ་ནས་ཐོན་པའི་གནའ་བོའི་བང་སོའི་རིག་དངོས་ཡིན་པ་ར་འཕྲོད་བྱུང་ཡོད་ཅེས་གསུངས་ཡོད།  

    ཁོང་གིས་ཞིབ་བཤེར་ཁྲོད་ཚོགས་མི་ཚོས་ཁས་ལེན་བྱས་དོན་ལྟར་ན། སྤྱི་ལོ་2019ལོ་ནས་བཟུང་ཞུས་ཆེ་གེ་མོ་དང་ཀྲོའུ་ཆེ་གེ་མོ་སོགས་ཀྱིས་ལྕགས་རིགས་འཚོལ་ཞིབ་ཡོ་བྱད་དང་། རྐོ་འདྲུའི་འཕྲུལ་འཁོར། ལྕགས་ཁེམ་སོགས་ཡོ་བྱད་སྤྱད་དེ་ཅང་དབྱིན་ཅང་ཝན་གྲོང་སོགས་སུ་གནའ་བོའི་བང་སོ་རྐུ་སྔོག་བྱས་པ་དང་། བརྐུས་པའི་རིག་དངོས་དག་ཐང་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་སོགས་ཀྱིས་རིན་གོང་མཐོ་པོས་ལྐོག་འཚོང་བརྒྱབ་ནས་ཁེ་བཟང་རག་ཐབས་བྱས་ཡོད་ཅེས་གསུངས་འདུག

  • ལེ་ཚན་སྔོན་མ།:བོད་རིགས་བུད་མེད་གཟིར་མདའ་རྒྱག་མཁན་འདིའི་ཉམས་བཟང་ལ་གཟིགས་དང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།