ཤ་བ་རི་རྫོང་ལ་མཇལ་སྐོར་དུ་བསྐྱོད་པའི་རེག་ཟིག།

ལོང་ལྐུག་གཟའ་སྨྱོན        2021-12-22

ད་ལོའི་དབྱར་ཐ་མའི་མཛེས་སྡུག་གི་ལང་ཚོ་སྟོན་གྱི་རྒྱལ་མོས་མ་རེག་པའི་དུས་དང་བསྟུན་ནས། ང་དང་ཡུལ་ཕྱོགས་གཅིག་པའི་སློབ་གྲོགས་རྣམས་སྔོན་གྱི་ཙོང་ཁ་དང་དེང་གི་ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་བསྡད་དེ་ཤ་བ་རི་རྫོང་ལ་མཇལ་སྐོར་དུ་བསྐྱོད་པ་ཡིན། གལ་ཏེ་སྔར་སོང་གི་རྗེས་ཤུལ་ནི་ད་ལྟའི་སྙིང་སྟོབས་སུ་བརྗོད་པ་བདེན་ན། ང་ཚོས་ཀྱང་ཐེངས་འདིའི་མཇལ་སྐོར་གྱི་མཐོང་ཐོས་མྱོང་གསུམ་དྲན་འཛིན་གྱི་རི་མོར་ཕབ་པས་ཀྱང་མདུན་སྐྱོད་ཀྱི་ལམ་བུ་ལ་སྐུལ་འདེད་ཀྱི་རྔོ་ཐོགས་ཏེ་སྙིང་སྟོབས་ཀྱི་གྲི་དངོར་རྣོ་ངར་ལྡུད་པའི་བདག་རྐྱེན་བྱེད་པ་བསྙོན་དུ་མེད་དོ། །

ཤ་བ་རི་རྫོང་ནི་ཟི་ལིང་ཤར་ཕྱོགས་དམར་གཙང་རྫོང་གི་ནུབ་ཏུ་ལེ་དབར་བརྒྱད་ཙམ་སྟེ་རླངས་འཁོར་དུ་ཆུ་ཚོད་གཅིག་ཡས་མས་ལ་བགྲོད་པའི་མཚམས་དེར་རྒྱབ་རི་བྲག་ལ་བརྟེན་ཅིང་། མདུན་དུ་རྩི་ཤིང་ནགས་ཚལ་ཤམ་བུར་བཀླུབས་ཏེ་སྣ་ཚོགས་མེ་ཏོག་རྒྱན་དུ་བཀྲ་བ། བརྒྱད་ལྡན་ཆུ་བོ་ལྷུང་ལྷུང་འབབ་པའི་རི་ཁྲོད་དུ་གནས་ཤིང་། དེ་དང་བྲག་དཀར་སྤྲེལ་རྫོང་། ཨན་ཆུང་གནམ་རྫོང་དང་ཕུ་ལ་ཡང་རྫོང་བཅས་པ་ནི་ཡོངས་སུ་གྲགས་པའི་མདོ་སྨད་ཀྱི་རྫོང་ཆེན་བཞི་ཡིན། ཁོ་བོས་ལོ་རྒྱུས་ཀྱི་ས་རྒྱ་མི་ཆོད་པས་ཤ་བ་རི་རྫོང་གི་མིང་གི་འབྱུང་ཁུངས་ལ་གཏོལ་མེད་ཀྱི་རྔམ་རྒྱུག་ལན་མང་བྱས་ཀྱང་རྒྱང་སྐྱོད་དང་འགྲུལ་བཞུད་ཀྱི་མཐའ་མར་ལྷག་པ་ངག་རྒྱུན་ཀྱི་མགོ་ཁུངས་ཏེ། གནའ་སྔ་མོར་ཡུལ་ལྗོངས་ཕུན་སུམ་ཚོགས་པ་འདི་ནི་ཤ་བས་རྩེད་འཇོར་རོལ་བའི་གནས་དབེན་པ་ཞིག་ཡིན་པས་ཤ་རྫོང་ཞེས་པའི་མིང་དུ་བཏགས་སྐད་དེ་ཁོ་ནའོ།།

ཤ་བ་རི་རྫོང་གི་ཕྱིའི་བཀོད་དབྱིབས་རྣམས་བོད་ཀྱི་དགོན་སྡེ་གཞན་དག་དང་མི་འདྲ། བོད་ཡུལ་གྱི་དགོན་སྡེ་གཞན་རྣམས་ནི་གསེར་ཟངས་ཀྱི་རྒྱ་ཕིབས་ཚར་དུ་དངར་བ་དང་། ལྷ་ཁང་གི་འབོར་ཆེ་ལ་ལྷ་སྐུའི་གྲངས་མང་ཞིང་དེ་དག་ཀྱང་རྒྱུ་སྤུས་གསེར་དངུལ་གྱི་ཚོན་རྩིས་བྱུགས་ཏེ་མཆོད་མེ་རྒྱ་མཚོའི་དཀར་འོད་གསལ་བ་ཤ་སྟག་ཡིན་ཡང་། ཤ་བ་རི་རྫོང་ནི་དེ་ལས་ལྡོག་སྟེ། ཕྱིའི་བཀོད་པ་ནི་རྒྱའི་ལུགས་དང་མཉམ་པ་ཞིག་ལ་ནང་གི་ལྷ་སྐུ་ཕལ་ཆེ་བ་རྙིང་ཤེད་ཅན། ཤིང་གིས་ལས་པའི་སྤྱིལ་བུ་རུ་སྐུ་འདྲ་དང་སྐུ་པར་དག་བྲག་རིར་བསྙེས་བྱས་ཏེ་བཞག་པ་མང་དུ་མཐོང་བར་དཔགས་ན་ཡུལ་སྡེ་དང་གྲོང་ཁྱེར་སོགས་ཀྱི་འདུ་འཛི་དང་གྱེས་པས་དེང་དུས་ཀྱི་དགོན་པར་བསྡུར་ན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཤན་ཤུགས་ཆུང་ཞིང་རྒྱས་སྤྲོས་ཀྱི་ལོངས་སྤྱོད་མེད། ཕྱི་རོལ་བཀོད་མཛེས་ཀྱི་ཁང་བཟང་མེད་ལ་ནང་རོལ་སྤུས་ལེགས་ཀྱི་སྐུ་འདྲ་མེད་པར་མངོན་ཆུང་དུ་གྲུབ་ཀྱང་མཐའ་སྐོར་ཡུལ་ལུང་གྱི་བཀོད་པས་ནི་དབེན་གནས་འདིའི་ངོ་མཚར་ལོ་རྒྱུས་ཀྱི་བྱུང་བ་བརྗོད་ཅིང་དེ་ལ་གུས་ཕྱག་ཀྱི་ཕུ་དུད་བྱེད་པ་དང་མཚུངས་ཏེ། རྒྱབ་ཀྱི་དཀན་གཟར་བྲག་རིའི་མདུང་སོ་རྣོན་པོས་ཕྱོགས་ནས་ལྡང་བའི་འདུ་འཛིའི་སྨུག་སྤྲིན་གཤགས་ནས་ཀརྨ་རོལ་བའི་རྡོ་རྗེ་དང་། བྱ་ཁྱུང་དགོན་པ་འདེབས་མཁན་གྱི་ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན། འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་སོགས་ཀྱི་སྒོམ་སྒྲུབ་ཉམས་ལེན་གནང་བའི་བྱིན་རླབས་ཀྱི་ཚན་ཁ་སྲུང་བ་དང་། གཤམ་འོག་ལྗོན་ཤིང་གི་ནགས་ཚལ་སྟུག་པོས་ངོ་མཚར་བའི་མཛད་རིམ་ལ་ཕུ་དུད་བྱེད་ཅིང་། རི་རབ་ལྷུན་པོ་ཡི་དཔངས་དཀྱུས་ཀྱིས་ལོ་པཎ་རྣམས་ཀྱི་གསུང་རབ་ཀྱི་དོན་སྙིང་མཚོན་པར་མ་ཟད། ལྷུང་ལྷུང་དལ་འབབ་ཀྱི་ཉལ་འགྲོ་མས་དེ་དག་གི་རྣམ་ཐར་འབྲས་བཟང་གི་མེ་ཏོག་འཐུ་ཞོར་དུ་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་བྱེད་པ་དང་མཚུངས་སོ།།

ལོས་ཡིན་ཏེ། གནས་འདི་ནས་དགུང་ལོ་གསུམ་ལ་དགེ་བསྟེན་གྱིས་ཚུལ་ཁྲིམས་བཅས་ཤིང་། བདུན་པར་རབ་བྱུང་གི་སྡོམ་པ་བཞེས་པ། བཅུ་བདུན་ལོ་ལ་ཕྱིར་མི་ལྡོག་པ་ཕྱིར་མི་འོང་བའི་རྟེན་འབྲེལ་བཟང་པོས་སྨད་ཀྱི་མདོ་ཁམས་བརྟོལ་ཏེ། སྟོད་ཀྱི་མངའ་རིས་བསྐོར་ཞིང་བར་གྱི་དབུས་གཙང་བརྒྱུད་པའི་སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་གྱོན་ནས་རྗེ་བཙུན་རེད་མདའ་བ་སོགས་བཤེས་གཉེན་མང་པོ་གཙུག་ཏུ་བཀུར་ནས་མདོ་སྔགས་རིག་གནས་ཀུན་ལ་བྱང་ཆུབ་པར་སྦྱངས། མདོ་སྔགས་ཟུང་དུ་འབྲེལ། ལྟ་སྤྱོད་གྲོགས་སུ་སྦྲན། བཤད་སྒོམ་ཕྱོགས་སུ་མ་ལྷུང་བར་འདུལ་སྔགས་འགལ་མེད་དུ་ལུང་རིགས་གཉིས་ཀྱིས་རྒྱལ་བའི་གསུང་རབ་ཐམས་ཅད་ལེགས་པར་ཕྱེད་པའི་ཐོས་བསམ་ཡ་མ་བྲལ་བའི་ཐོག་སྒྲུབ་པ་གཙོ་བོ་མཛད་དེ། མདོ་སྔགས་བསྟན་བཅོས་མ་ལུས་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་བཟུང་སྟེ། རྫིང་ཕྱིའི་བྱམས་པའི་རྟེན་དང་བརྟེན་པ་གསོས། གཉལ་གྱི་ལུང་རར་སྔོན་མེད་ཆོས་འཁོར་བསྐོར་བ་སོགས་ཀྱིས་ཡུང་ལོ་རྒྱལ་པོའི་འཇའ་ས་ཐེད་དུ་བོར། གསེར་ཡིག་ཕྱག་རྟེན་རྒྱབ་ཏུ་བསྐྱུར་ཏེ་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགའ་ལྡན་དགོན་པར་སྟག་རྩེའི་སྒྲུབ་མཆོད་སྤེལ། གཞན་ཡང་རྗེས་འཇུག་སློབ་མ་གྲགས་ཆེན་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། འདུལ་འཛིན་གྲགས་པ་རྒྱལ་མཚན། འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་སྤང་ལ་མེ་བཞིན་མཆེད་ཡོད་དོ། །

མདོར་ན། གནས་འདིའི་ཕྱི་ནང་གསང་གསུམ་ནས་མངོན་འོང་བ་ནི་རྩམ་དྲི་མ་ཡལ་བའི་བོད་མིའི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། བཟོད་པར་གོམས་ཤིང་རྟུལ་ཕོད་བརྟན་པའི་རིག་གནས་ཀྱི་མི་གཤིས་ལགས་ན། འདི་དག་ཡོད་ཚད་ཀྱིས་ང་ལ་མི་ཚེའི་འགག་འཕྲང་ལ་གཞན་སྐུལ་དང་ལམ་ཆེན་གྱི་འདུས་མདོ་ལ་ཕྱོགས་སྟོན་བྱེད་བཞིན་པ་ལགས་སོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྨི་ལམ་གྱི་རྟ་ཕོ།
  • ལེ་ཚན་རྗེས་མ།:ཨ་མ།