རང་གིས་སོམས།

        2021-12-17

མི་བུ་རང་དོན་ཅན་ལ་ཀྱོག་ལོག་ཟེར།།

མི་བུ་བསམ་བཟང་ཅན་ལ་བྱིས་བློ་ཟེར།།

མི་བུ་བློ་སྟོན་ཅན་ལ་གླེན་པ་ཟེར།།

---གླེང་ཙམ་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་གིས་གསུངས་པ་བཞིན་གཉེན་ཉེ་དུ་གང་ཡིན་ཡང་རུང་། གྲོགས་སྤུན་མཆེད་སུ་ཡིན་ཡང་ཆོག། གང་ལྟར་ཁྱེད་ཉིད་ཀྱིས་གློ་སྙིང་མཆིན་མཚེར་སོགས་ཁ་ཁ་བྱས་ནས་ཕྱོགས་གང་སར་བཞག་ན་ཡང་ཁྱེད་ལ་མི་དགའ་མཁན་ཞིག་ཡིན་ཚེ་ནམ་ཡང་དགའ་མི་སྲིད། ཐ་ན་རང་སྲོག་རྟ་རྔ་འདྲ་བོ་བློས་བཏང་བྱས་ཀྱང་དགའ་མི་སྲིད། དེ་བས་རང་ལམ་ལ་རང་ཉིད་ཆས་དགོས་བ་གདམས་ཡོད་དོ།།

ང་རང་སློབ་མཐར་ཕྱིན་ནས་དེ་ཙམ་འགོར་མེད་ན་ཡང་བྱ་བ་འདྲ་མིན་སྣ་ཚོགས་ལ་འཕྲད་བྱུང་། མི་སྣ་དང་མི་སྣའི་འབྲེལ་བ། བྱ་བ་དང་བྱ་བའི་འགལ་འདུ། གླེང་མོལ་དང་གླེང་མོལ་གྱི་ཕྱི་ནང་སོགས་འདྲ་མིན་སེམས་ཀྱིས་མི་རྟོགས་ས་དང་རིག་མིན་མིག་གིས་མི་མཐོང་རྒྱུ་གང་མང་ལ་འཕྲད་བྱུང་། ཡིན་ན་ཡང་གངས་དཀར་སེམས་ཀྱི་དབུས་སུ་ང་ལ་རྟག་ཏུ་དམ་ཚིག་གཅིག་མཆིས། དེ་ནི“ཕན་མ་ཐོགས་ཀྱང་།། གནོད་མ་བྱེད་རོགས།།”ཟེར་བའི་སྐད་ཆ་རྡོག་གཅིག་གོ།།

ཀུན་དང་མཐུན་པ་མི་ཆོས་རྩ་བ་ཡིན་ཟེར་བ་ཧ་ཅང་བདེན་མོད་ཀྱང་། ད་སྐབས་མི་བུ་ལ་ལ་ཞིག་ནི་སུ་དང་གང་ལ་ཡང་མི་མཐུན་པར“ ཀུན་ལ་མི་མཐུན་རང་གི་སྐྱོན།།གཅིག་ལ་མི་མཐུན་གཞན་གྱི་སྐྱོན།།”ཞེས་པའི་གཏམ་དཔེའང་དྲན་ཡོང་། དེ་ལྟར་བྱས་ནས་ལམ་ལ་ཆས་ཀྱིན་ཆས་ཀྱིན་ཁོང་ཉིད་ཁེར་རྐྱང་དུ་གྱུར་འགྲོའོ།།

མདུན་ལམ་ནི་དྲང་མོ་མདའ་འདྲ་ཞིག་མ་ཡིན་པར་ཀྱག་ཀྱོག་གི་ཆུ་ཕྲན་ཞིག་ཡིན་པ་རེད། ཀྱག་ཀྱོག་གི་ལམ་ཁ་རེ་རེ་ནས་སློབ་དཔོན་གྱི་གསུང་དྲན་ཡོང་། མི་བུ་ལ་ལ་ཞིག་ལ་ཅི་འདྲ་བཟང་བྱས་ཀྱང“དྲིན་ཅན་ལ་དྲིན་ལོག། གཡང་ཟོག་ལ་རྡོ་ལོག།”ཟེར་བ་བཞིན་ཁྱེད་ཉིད་དྲང་ལམ་དུ་ཆས་ཀྱང་ཁོ་བོའི་སེམས་ནས་ཁྱེད་ཉིད་ནི་དེ་འདྲ་ཞིག་མ་ཡིན། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས་འཆད་ཁྲིད་ཁྲོད་འདི་ལྟར་གླེང་གིན་འདུག། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ནི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་སུ་དབྱེ་ཡོད་ན་ཡང་དྲང་ཕྱོགས་ཀྱི་མི་སྣ་ནི་དྲང་མོ་མདའ་འདྲ་མིན་ལ་ལྡོག་ཕྱོགས་ཀྱི་མི་སྣ་ནི་འཁྱོག་པོ་གཞུ་འདྲ་མིན་ཟེར་བའང་མི་གཞིའི་ཀུན་སྤྱོད་ལ་རག་ལས་པའོ།།

༼ འབྲོག་སྨྱུག་གྲོལ།༽


  • ལེ་ཚན་སྔོན་མ།:སྒོར་མོས་བསྒྱུར་བའི་མི་གཤིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།