ཨ་མ་དྲན་པའི་མིག་ཆུ།

སད་མི།        2021-11-12

ཚེ་འདས་ཨ་མའི་ཞབས་དྲུང་དུ་ཕུལ་བ།

རི་ཀླུང་གི་མཛེས་སྡུག་དང་། ནགས་ཚལ་གྱི་གཡོ་འགུལ། གང་ལྟར་ཕྱིའི་རྣམ་འགྱུར་ཡག་རྒྱུ་མེད་ཅིང་། ནང་གི་ཚོར་འདུ་ལའང་བཟང་རྒྱུ་མེད་པའི་ས་མཐའ་དགུན་མཐའ་འདི་ནས། ལོ་སར་གྱི་དུས་སྟོན་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རྒྱུགས་མོད། ཡིན་ནའང་ཀ་ར་ཀོ་རེ་དང་མངར་སྐྱུར་སིལ་ཏོག་གིས་ནང་སེམས་སྒུལ་བཞིན་མི་འདུག། ན་ཟླ་སྤུན་ཟླ་ཡིས་ནང་སེམས་སྒུལ་བཞིན་མི་འདུག ཕུ་ནུའི་དགོད་སྒྲ་དང་། ནང་མིའི་ནང་གཏམ་གྱིས་ཡིད་སེམས་སྤྲོ་བཞིན་མི་འདུག། དེ་ནི་ཨ་མ་དྲན་པས་མ་ཡིན་ནམ། ཨ་མ་དྲན་བཞིན་འདུག། ཨ་མའི་སྐྲ་ལོ་དཀར་པོ་དེ་དྲན་བཞིན་འདུག། དྲན་གདུང་ནི་མིག་ཆུ་འགོག་ཐུབ་ཀྱིན་མི་འདུག་ལ། མིག་ཆུ་ནི་ལག་པས་དབྱི་ཐུབ་ཀྱིན་མི་འདུག།

དྲན་གདུང་གི་སྣང་བ་འདི། དགའ་སྟོན་དང་སྤྲོ་ཚོགས་ཀྱི་སྐབས་ནས་སྐྱེ་བཞིན་འདུག་ལ། དཀའ་ངལ་དང་སྡུག་བསྔལ་གྱི་ཀློང་ནས་ལྷག་ཏུ་སྐྱེ་བཞིན་འདུག། རིགས་མཐུན་གྱི་སྐྱེ་བོ་དག་དང་ལྷན་དུ་ཨ་མ་ཡོད་ན་ཅི་འདྲའི་ཡིད་སེམས་སྤྲོ་བས་ཁེངས་པ་ལ་ཨང་། སྣ་ཚོགས་གར་དང་གླུ་གཞས་ལ་རོལ་སྐབས་ཨ་མ་ཡོད་ན་དེ་བས་ཀྱང་སྐྱིད་པ་ལ་ཨང་། སྡུག་བསྔལ་སྐྱོར་གྲོགས་ཀྱི་ཨ་མ་ཡོད་ན་སྐྱིད་པ་ལ། ཀ་ཁ་འདོན་རོགས་ཀྱི་ཨ་མ་ཡོད་ན་དེ་བས་ཀྱང་སྐྱིད་པ་ལ་ཨང་། ཡིན་ནའང་ཨ་མ་ནི ༢༠༡༨ ལོའི་ཟླ་བ ༥ ཚེས་༣༠ ཡི་ཉིན་མོར་འདས་སོང་བ་རེད། ཨ་ཕ་དང་། ངེད་མིང་སྲིང་ལྔ། ད་དུང་ཕུ་ནུ་ཐམས་ཅད་དང་ཁ་བྲལ་སོང་བ་རེད། ད་ནི་དྲན་གདུང་གི་མིག་ཆུ་ལས་གཞན་ཅི་ཡང་མེད་དོ། །

༢༠༡༨.༥.༣༠.དུས་ཚོད་འདི་ངའི་ཡིད་ཡུལ་ནས་བྲལ་ཐུབ་ཀྱིན་མི་འདུག སྐབས་དེར་ང་རང་རྒྱང་རིང་གི་མ་ཡུམ་སློབ་གླིང་ནས་སློབ་སྦྱོང་བྱེད་བཞིན་པའི་སྒང་ཡིན། གློ་བུར་དུ་ཕ་ཡུལ་ནས་ཁ་པར་བཏང་སྟེ། ཨ་མའི་ནད་གཞི་ལྕི་མོ་ཡིན་པས་ཕ་ཡུལ་དུ་འགྲོ་དགོས་པའི་དྲན་སྐུལ་ཞིག་ཨ་ཁུས་བཏང་སོང་། ཨ་ཁུ་ངེད་གཉིས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ངང་ཡུལ་ཤུལ་ལ་འགྲོ་བའི་གླ་འཁོར་བཙལ། ཡུན་རིང་མ་འགོར་བར་གླ་འཁོར་རྙེད་པས་ཕ་ཡུལ་དུ་བགྲོད་པ་ཡིན། ལམ་གྱི་བར་སྐབས་ཤིག་ནས་ཨ་ཁུ་ལ་ཨ་ཕས་ཁ་པར་བཏང་སོང་། ངས་གཟབ་ནན་གྱིས་ཉན་པས་ཨ་ཕའི་སྐད་བརྡ་གང་ཡང་གོ་ཐོས་མ་བྱུང་། ཡིན་ནའང་ཨ་ཁུས་སྐད་ལན་དེས་ཨ་མ་ཚེ་ལས་འདས་སོང་བ་ངས་ཧ་གོ་བྱུང་། སྐབས་དེར་སེམས་པ་སྟོང་སེང་ངེ་གྱུར་ཅིང་། ཁ་ནས་ཨ་མ་ཟེར་བའི་དབུགས་རིང་ཞིག་ཀྱང་འགོག་མེད་དུ་ཐལ། མིག་ནང་དུ་མིག་ཆུས་བསྐངས་པས་མགོ་བོ་གྱེན་ལ་སློང་ཐབས་བྲལ། རྒྱུ་མཚན་གླ་འཁོར་གྱི་ནང་དུ་ངོ་མི་ཤེས་པའི་མི་ཚོགས་མང་དུ་འདུག།

ངོ་མི་ཤེས་པའི་མི་ཚོགས་དེ་དག་བཞིན། ངས་ཀྱང་དོན་དག་གང་ཡང་མ་བྱུང་པའི་ཚུལ་གྱིས་བསྡད། ཡིན་ནའང་མིག་ཆུ་དང་ནང་སེམས་ཀྱི་མི་ཚོགས་དེ་དག་གི་ལྷིང་འཇགས་དང་ཁ་མི་བྲལ་ཁག་མེད་རེད། སྐབས་རེར་འཆི་བ་མི་རྟག་པའི་ངང་ཚུལ་འདི་ལ་སྐྱོ་གདུང་གི་མཆི་མ་བཞུར་དགོས་དོན་གང་ཡང་མེད། འདི་ནི་སུས་ཀྱང་བརྒྱུད་དགོས་པའི་གོ་རིམ་ཞིག་ཡིན་པས། སྡུག་བསྔལ་བྱེད་དགོས་དོན་མེད་པར་སྙམ་ཚེ། མིག་ཆུ་དང་ངུ་ངག་མི་འབྱུང་བར་ཕན་པ་འདྲ་ནའང་། སྐྱོ་གདུང་ནི་སྔར་བཞིན་སེམས་ངོས་ནས་རྒྱུ་བཞིན་འདུག ཡང་དེ་ལས་ལྡོག་སྟེ་ང་ནི་དྭ་ཕྲུག་ཅིག་ཏུ་གྱུར་བ་མ་ཡིན་ནམ། ངེད་མིང་སྲིང་ལྔ་ཆ་དྭ་ཕྲུག་ཅིག་ཏུ་གྱུར་པ་མ་ཡིན་ནམ། ང་ཚོས་འཚོ་བ་ཇི་ལྟར་རོལ། ད་ནི་ཨ་མ་མིག་གིས་མཐོང་མི་སྲིད་པའི་བྱ་དངོས་དག་ལ་བསམ་ཚེ། མིག་ཆུ་དང་སྐྱོ་གདུང་གིས་རང་སེམས་ལ་སེན་དགྲད་དང་སྦར་དགྲད་མི་བྱེད་ཁག་མེད་རེད། ཡུལ་ཤུལ་ལ་མ་ཐོན་པའི་ལམ་བར་གྱི་དུས་ཚོད་དེ་དག། ང་ལ་མཚོན་ན་ཤིན་ཏུ་ཚོར་བས་བྲབས་པའི་སྡུག་བསྔལ་ཞིག་ཡིན། རྟག་ཏུ་བརྗེད་པ་མེད་པའི་སེམས་ངོས་ཀྱི་འཆར་སྒོ་ཞིག་ཡིན།

ཡུལ་ཤུལ་ལ་སླེབས་ཚར་བའི་མཚན་རྒོངས་དེར། ཅི་འདྲའི་ནང་སེམས་ཀྱི་རྙོག་གྲ་དང་གོད་ཆག་མང་བ་ལ། ཕྱིའི་རྣམ་འགྱུར་ལའང་རྒུད་པ་དང་དུབ་པ་འགྱུར་བ་མང་ཨང་། མཚན་མོའི་དུས་ཚོད་གང་ཙམ་ཡིན་པའང་ཤེས་ཀྱིན་མི་འདུག་ལ། བཙན་གྱིས་མིག་བཙུམས་པར་བྱས་ཀྱང་གཉིད་ལ་ཡུར་བའི་རྣམ་རྟོག་ཅིག་ཀྱང་མི་འདུག། རྒྱུན་ལྡན་གཉིད་རྒྱུ་དེ་སྡུག་བསྔལ་ཞིག་དང་གཏི་མུག་ཅིག་ཏུ་བདོག་མོད། འོན་ཏང་། སྐབས་དེར་གཉིད་མི་ཡོང་བ་དེ་སྡུག་བསྔལ་ཞིག་ཏུ་རྟག་པར་སིམ་གྱིན་འདུག། དེ་བས་མཚན་རྒོངས་གཅིག་དེར་མི་ཚེའི་སྐད་ཅིག་བརྒྱུས་པའི་དུས་ཚོད་ཅིག་རེད། དུས་ཚོད་ཀྱི་སྐར་ཆ་རེ་རེའི་བར་གསེང་ནས་ཨ་མའི་ཞལ་རས་འཆར་ཀྱིན་འདུག་ལ། ཨ་མའི་ཞལ་རས་ཀྱི་འཁོར་ཕྱོགས་དེ་ནས་མི་ལོ་བཅུ་དགུ་ཡི་གཏམ་རྒྱུད་མིག་ལམ་ན་འཆར་གྱིན་འདུག། སྐྱ་རེངས་འཆར་བ་དང་ལྷན་ཕ་ཡུལ་དུ་གོམ་ཁ་ཡང་བསྐྱར་ཕྱོགས། ལམ་རྒྱུད་ཀྱི་ཚོར་སྣང་ནི་སྔར་བཞིན་ལྷིང་འཇགས་མ་རེད་དོ། །

ཕ་ཡུལ་དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཚེ། མིག་ཆུ་དང་བཟོད་མེད་ཀྱི་སྡུག་བསྔལ་གོང་འཕེལ་ནས་ཡང་འཕེལ་འགྲོ་བཞིན་འདུག། རིམ་གྱིས་འགྲོགས་འདྲིས་ཆེ་བའི་ཕ་ས་མཐོང་ན། དེ་བས་ཀྱང་ཚ་ཞིང་འཇམ་པའི་མིག་ཆུ་ཞིག་མཁུར་བའི་ངོས་ནས་བཞུར་འགྲོ་བར་མ་ཟད། སེམས་ལ་གཟན་པའི་དྲན་གདུང་ཞིག་ཀྱང་ཚུར་ཚུར་ཐོན་ཡོང་། སྐབས་དེར་ཁྱིམ་གཞིས་ནི་རྒྱང་རིང་མིན་པའི་ཉེ་ས་དེར་ཡོད་འདུག རླངས་འཁོར་ནང་ནས་མར་བབས་པ་དང་ལྷན། ཨ་ཅེའི་ངུ་སྐད་དང་ཨ་ཕའི་ངོ་གདོང་དེ་དག་གིས་སྐྱོ་གདུང་ཡང་བརྩེགས་དང་བསྐྱར་བརྩེགས་མི་སྣོན་ཁག་མེད་རེད། མང་པོ་ཞིག་གི་འོ་བརྒྱལ་དང་དཀའ་ལས་ཟེར་བཞིན་འདུག། ངས་དེ་དག་གི་ལན་དུའང་ངུ་སྐད་མ་འདྲེས་པའི་སྐད་ཆ་ཞིག་ཤོད་ཐབས་བྲལ་འདུག། ཁྱིམ་དུ་སླེབས་སྐབས། ཇ་ཕོར་གང་འཐུང་ཞོར་ཨ་མའི་ཕུང་པོའི་ཉེ་སར་འགྲོ་བའི་སེམས་ཚོར་འགོག་མེད་དུ་སྐྱེ་བཞིན་འདུག། ལག་པས་ཀྱང་ཕར་ཕར་སྙོབ་པའི་སྣང་བ་ཞིག་སྐྱེ་བཞིན་འདུག། སྐབས་དེར་མི་མང་དྲགས་པས་བྱིས་པའི་རྣམ་འགྱུར་ཞིག་ཕྱིར་མངོན་ཐབས་བྲལ། རིམ་གྲོ་དང་སྐུ་རིམ་གྱིས་ཉིན་ཞག་ཁ་ཤས་འགྲོ་ཐབས་བྱས།

སྣང་བ་གར་ལ་གཡེང་བའི་སྐབས་རེར། ཨ་མའི་ཞལ་རས་དང་། ནང་མའི་བདེ་སྡུག། འཁོར་བའི་གཞིས་ཀ་སོགས་གང་ཡང་དྲན་རྒྱུ་མི་འདུག། གང་ཡང་མི་དྲན་པའི་དྲན་པ་དེ་རྟག་ཏུ་གནས་ན་བསམ་ཚེ། ཨ་མའི་ཞལ་རས་དེ་ཡིད་ལ་འཁོར་ཡོང་། ནང་མའི་བདེ་སྡུག་ལ་འདང་ཞིག་རྒྱག་ཡོང་། སྐབས་དེར་རང་ཁྱིམ་གྱི་ཉེ་ས་ན་ཡོད་པའི་རི་བོ་“རྒྱ་མགོ་ཁ”ལ་སོང་སྟེ་ཨ་མ་ཟེར་ནས་ངུ་འབོད་ཐེངས་གྲངས་བྱས་པས། ཡང་མིག་ཆུ་བཞུར་མཚམས་འཇོག་འགྲོ། ཡང་ཁྱིམ་ལ་སོང་ནས་ནུ་མོ་དང་ནུ་བོ་ཨ་ཅེ་སོགས་དང་ལྷན་དུ་ཁ་བརྡ་བཟོས་ན་མིག་མཆི་མས་གང་སྟེ་རབ་བེ་རོབ་བེ་ཞིག་ཏུ་འགྱུར་འགྲོ། ངུ་སྐད་ཡང་གྲགས་ཡོང་། ཨ་ཅེ་ངུས་ན་ང་ཡང་ངུ་ཡོང་། ང་རང་ངུས་ན་ནུ་མོ་ཡང་ངུ་ཡོང་། ཨ་མ་ཟེར་ནས་ངུ་ཡོང་། ཨ་མ་ཁྱོད་གང་དུ་བུད་སོང་ཟེར་ནས་ངུ་ཡོང་། ཨ་ཕས་ཀྱང་མིག་གི་ཟུམ་ཟུམ་འོག་ནས་མཆི་མ་ཐར་ཐོར་ཤོར་ཡོང་། དེ་དུས་ཀྱི་ནུབ་མོའི་རྣམ་འགྱུར་ཏེ། ཨ་མ་ཁྱོད་གང་དུ་བུད་སོང་ཟེར་བའི་ངུ་སྐད་དང་བསྲེས་པའི་རྣམ་འགྱུར་དེ་ཡིད་ལ་འཁོར་ན། མིག་ཆུ་དང་སྐྱོ་གདུང་མི་སྐྱེ་ཁག་མེད་རེད་དོ། །

ལོ་སར་ཀྱི་སྐབས་འདིར་ངས་ཨ་མ་དྲན་བཞིན་འདུག། ད་ནང་མགོ་བོ་ཡར་ལ་དགྱེ་དུས་ས་མཐའ་འདི་ནས་རང་དང་ལྷན་དུ་ཨ་མ་མེད་ནའང་། ཕ་ཡུལ་དུ་ཨ་མ་ཡོད་ན་ལོ་སར་འདི་སྐྱིད་པོ་རེད་ཨང་བསམ་པའི་སེམས་ཚོར་ཞིག་སྐྱེས་སོང་། ཚོར་བ་དེའི་རྐྱེན་བཟོས་ཏེ་རྩོམ་ཐུང་འདི་ཤར་མར་བྲིས་པ་ཡིན། ཡིག་ནོར་དང་བརྗོད་དོན་ནོར་བ་ཡོད་ན་དགོངས་དག་ཞུ་བ་དང་སྦྲགས་ལྷན་རྒྱས་ཐུགས་དགྱེས་པར་སྨོན།

  • ལེ་ཚན་སྔོན་མ།:སྡོང་ལོ་ཐོར་ཚུལ་དང་ཕ་མ་རྒས་ཚུལ་གཅིག་པ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།