རྭ་རྒྱའི་ཤྭ་འཆམ་སྐབས་བྲིས།

མཆོག་གསུམ་རྒྱལ།        2021-11-10

བརྗིད་ཆགས་ཁྱུང་མགོན་རི་ལ་བྱ་རྒོད་ལྡིང་།།

དམར་ཡག་བཙུན་མོའི་གཞོང་པར་ན་བུན་འཕྱོ།།

དཔྱིད་ཀའི་དཔལ་ཡོན་མཛེས་སྡུག་འཛིན་མའི་ཀློང་།།

སྙིང་སྡུག་ལྷ་གཅིག་མིག་གི་གར་དུ་བྱོན།།

མི་ཚོགས་རྒྱུ་སྐར་བཀྲ་བའི་རྦ་རླབས་དབུས།།

བསླུ་བྲིད་རྒྱབ་གཟུགས་ཕྲ་མོའི་ལྡེམ་མྱུར་འཁྱུག།

ངོ་མཚར་ལྷ་མོའི་མཛེས་སྡུག་ཕྲན་བུ་ཡང་།།

མཐོང་ཙམ་ཉིད་ཀྱིས་མིག་གི་བཅུད་ལེན་ནོ།།

ཟླ་བཞིན་ཨུཏྤལ་མིག་འབྲས་མཚར་བ་ཅན།།

འབྲས་ལྡན་ནུ་མའི་དོ་ཤལ་རྒྱན་དུ་འཆང་།།

གཞོན་ལུས་ན་ཚོད་དར་བའི་ཡང་རྩེ་མ།།

གསེར་ཉ་ཐང་དུ་མཇལ་བའི་ལྷ་གཅིག་རེད།།

སྐྲ་ཚོགས་རླུང་གིས་བསྐྱོད་ཅིང་གཡོ་བ་དང་།།

གོམ་ཆུང་དལ་ཅིང་འཕྲོག་བྱེད་དགའ་བའི་ལུས།།

མི་ཚོགས་བུ་ཡུག་ཁྲོད་དུ་སྒེག་ཅིང་འཕྱོ།།

རྗེས་མེད་དྲན་འཛིན་སྙིང་གར་འཛུམ་གྱིན་ཐོན།།

མི་ཡི་ལུས་ལ་ལྷ་ཡི་མཛེས་སྡུག་ལྡན།།

ལྷ་ཡི་གདོང་ལ་ཡིད་འཕྲོག་འཛུམ་ཆུང་མངོན།།

འཛུམ་པའི་མདངས་ལ་ཆགས་པའི་ལྐོག་མིག་དོད།།

ལན་གཅིག་འཕྲད་པས་ཡིད་སེམས་གདུང་བར་བྱས།།

ཡུན་ཐུང་དུས་འདི་ལོ་བཞིན་རིང་ན་ཨང་།།

མཇལ་བའི་སྐབས་ཤིག་སླར་ཡང་བྱུང་ན་སྙམ།།

ཁོ་བོས་དགའ་བྱེད་རཱ་མ་ཎ་བཞིན་དུ།།

སྲིན་ཡུལ་ལན་གཅིག་ཉུལ་ཡང་ངལ་བ་ཅི།།

ཐང་ཆུང་གསེར་ཉའི་ཡིད་འོང་དགའ་ཚལ་ལ།།

དགའ་བའི་དགའ་སྟོན་རྣམ་པར་རྒྱས་པ་ན།།

གཞོན་ནུའི་མིག་དཀྱུས་རིང་དུ་བཏང་བ་ཡི།།

དུང་བའི་མཛའ་བ་སྙན་ངག་ཁོ་ནར་སྨྲ།།



  • ལེ་ཚན་སྔོན་མ།:ཁ་བ་ཟམ་ཟིམ་ཀློང་གི་དྲན་མགུར།
  • ལེ་ཚན་རྗེས་མ།:གྱེས་ཁའི་སེམས་པ།