​ལས་ཀྱི་སྐྱོར་མ།

གངས་ཟེགས།        2021-11-04

ས་མི་ཡུལ་རྡོག་པའི་བར་ནས། །

ལམ་སྐྱ་མོའི་ཕྱེད་ཀ་བསླེབས་དུས། །

ཚེ་སྔོན་མའི་ལས་ཀྱི་སྐལ་བས། །

གསོན་འཇིག་རྟེན་འདི་ནས་སྒུག་འདུག །

འགྲིག་ཡོད་ན་མེད་ན་ལས་རེད། །

ལས་ཡག་ན་བཙོག་ན་འགྲིམ་དགོས། །

སྐྱིད་ཡོད་ན་མེད་ན་འཚོ་དགོས། །

ཚེ་ཟེར་བ་མི་རྟག་འཇའ་རེད། །

ལས་སྐྱིད་སྡུག་ཟུང་གིས་གྲུབ་པའི། །

གནས་འཇིག་རྟེན་དབུཊ་ལྒང་འདྲ་ལས། །

སྐྱིད་ཟེར་བ་འཛིན་རྒྱུ་མི་འདུག །

སྡུག་ཟེར་ཡང་ཐོགས་རྒྱུ་མི་འདུག །

གང་ལྟར་ཡང་སྐྱེ་བ་འདི་རུ། །

ངའི་སེམས་ཀྱི་འོད་ཁྱིམ་ནང་གི །

ཞེ་བལ་དཀར་འདྲ་བའི་རོགས་ལོས། །

ལོ་ཟླ་བའི་བར་ནས་འཐེན་པའི། །

འདང་བརྩེ་བ་སྲོག་གི་སྐུད་པ། །

ཆ་སྦྲེལ་ན་མི་ཚེ་གཅིག་རེད། །

ཡ་ཆད་ན་གསོན་ཐབས་བྲལ་སོང་། །

ཞེ་དྭངས་མ་ཆུ་ཤེལ་ནང་གི །

ལྷད་མ་འདྲེས་འོ་མ་འདྲ་བའི། །

གློ་དཀར་བའི་བརྩེ་བ་མངར་མོ། །

ཆང་བདུད་རྩིའི་ཚུལ་དུ་འབུལ་ན། །

ལས་མི་བཟང་མི་དགོས་ཅི་ཟེར། །

བློ་ཐེ་ཚོམ་ཟ་ན་འགྱོད་ཀི །

ཕྱིའི་འཇིག་རྟེན་ལས་ཀྱི་ཁྱིམ་རེད། །

ནང་སེམས་ཅན་བརྩེ་དུང་བཅུད་རེད། །

ལུས་ཤ་ཁྲག་ཅན་ཞིག་མཚོན་ན། །

འདང་བརྩེ་བ་ཡིད་བཞིན་ནོར་རེད། །

འདིའི་ལྷག་པའི་རིན་ཆེན་མི་འདུག །

ལམ་ཆ་མེད་མི་ཚེའི་ཀྱག་ཀྱོག །

ལས་སྐྱིད་སྡུག་གནམ་གྱི་འཁོར་ལོ། །

མི་སུ་ཡིན་ཐོག་ལ་འཁོར་དུས། །

བློ་ཉེ་བ་སེམས་ཐག་ཆོད་པའི། །

རོགས་མཐུན་པ་ཡོད་ན་ལོས་དགོས། །

སེམས་བརྩེ་བ་འདྲེས་ན་སྲོག་རེད། །

ལུས་ཤ་ཁྲག་འདྲེས་ན་སྙིང་རེད། །

ཁྱོད་ཟེར་ན་དོན་ཀྱི་སྲོག་རེད། །

སྲོག་དམར་པོའི་ལྷག་ཅིག་ཅི་ཡོད། །



  • ལེ་ཚན་སྔོན་མ།:ལྷ་མོ་དྲན་པའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།