རང་སེམས་རྒྱུད་མངས་དཀྲོལ་བའི་དབྱངས།

ཚེ་རིང་རྣམ་རྒྱལ།        2021-11-03

དགེ་བའི་བཤེས་གཉེན་དམ་པ་བསྟན་འཛིན་དོན་གྲུབ་མཆོག་ལ།

བརྩེ་ཆེན་ཉི་མའི་དཀྱིལ་འཁོར་རྫོགས་པ་ལས།།

ལེགས་འཕྲོས་ཤེས་རིག་སྣང་བའི་འོད་ཟེར་གྱིས།།

རྨོངས་པའི་མུན་པ་སྟུག་པོ་སེལ་མཛད་པའི།།

ལམ་སྟོན་དམ་པ་ཁྱོད་རང་ཕྱག་གི་ཡུལ།།

དོན་བཟང་འབྲུ་ལེགས་རྒྱལ་བའི་བསྟན་པ་ལ།།

དཔྱོད་ཤེས་ཡངས་པའི་བློ་མིག་ཆེར་བསྐྱེད་དེ།།

མི་ཚེ་ཐོས་པའི་དོན་ལ་གཞོལ་བ་ཡི།།

ཤེས་རིག་མཛོད་འཛིན་གང་དེ་མཆོད་པའི་གཞི།།

སེམས་ཀྱི་མཁའ་ལ་བཀྲ་བའི་ཤེས་བྱ་ཡི།།

རྒྱུ་སྐར་ཚོགས་ལས་སྐར་ཕྲན་ཆུང་ཤོས་ཤིག།

རྨོངས་མུན་འཇོམས་པའི་མགོན་དུ་འཕྲོས་པའི་ཚེ།།

དགའ་དད་འགྲན་བཞིན་འཕེལ་བའི་ཚུལ་འདིར་གཟིགས།།

གཞན་དོན་གུད་དུ་བོར་ནས་རང་དོན་ལ།།

འབད་འབུངས་ལྷུར་ལེན་བགྱི་བའི་དེང་གི་ཆར།།

འདི་ཕྱི་གཏན་བདེའི་མན་ངག་བུ་སློབ་ལ།།

དཔེ་མཁྱུད་མེད་པར་སྩོལ་ལ་སུ་མི་གུས།།

ཉོན་མོངས་མེ་ལྕེའི་རྦ་རླབས་འཕྱུར་བ་ཡིས།།

དགེ་བའི་ལྗོན་ཤིང་བསྲེག་ལ་གཞོལ་བའི་ཚེ།།

སྒྲིབ་བྲལ་ཐུགས་རྗེའི་ཆར་ཆེན་ཉེར་ཕབ་ནས།།

དད་པའི་མྱུ་གུ་གསོས་ཤིག་བཤེས་གཉེན་ཀྱེ།།

ཁོ་བོ་ཚེ་རབས་དུ་མའི་ལས་སྒྲིབ་ཀྱིས།།

ཉེས་སྤྱོད་སྤེལ་ཞིང་ལོག་ལམ་འཕྱན་པའི་དུས།།

བཤེས་གཉེན་གང་གིས་ཐབས་ཤེས་ཟུང་འཇུག་གིས།།

གོལ་བའི་ལམ་ནས་འདྲེན་པའི་ཐུགས་རྗེས་གཟིགས།།

རིག་པའི་ལམ་སྟོན་སྒྲོན་མེ་སྦར་བར་གསོལ།།

འདི་ནས་སྐྱེ་བའི་ཚེ་རབས་ཐམས་ཅད་དུ།།

དགེ་བའི་བཤེས་གཉེན་དམ་པར་མི་འབྲལ་ཞིང་།།

ལེགས་སྤྱོད་འཛིན་ལ་བློ་མིག་མི་ལྡོངས་བར།།

ཚེ་ཡི་རྒྱན་ཆ་ཐོས་པར་བརྩོན་པར་སྨོན།།



  • ལེ་ཚན་སྔོན་མ།:བརྩེ་བ་ཟད་པའི་ལོ་ཟླ།
  • ལེ་ཚན་རྗེས་མ།:ལས་ཀྱི་རླུང་བུ།