ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ནས་བཀའ་མོལ་གནང་བ།

    མི་དམངས་དྲ་བ།    2021-11-02

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།

   ཞི་ཅིན་ཕིང་གིས་བསྟན་གནང་དོན། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་ལ་འགྱུར་ལྡོག་ཡང་ཡང་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཐུབ་པར་དཀའ་ཚེགས་ཆེ་བས་ཀྲུང་དབྱིན་འབྲེལ་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཞིག་ཡིན་པའི་ངོས་ནས་འབྲེལ་གཏུག་བཟང་པོ་རྒྱུན་འཁྱོངས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་འགྲོ་བ། དར་རྒྱས་དང་གོང་འཕེལ་བཅས་ཡོང་ཆེད་ལེགས་སྐྱེས་འབུལ་དགོས། སང་ལོ་ནི་ཀྲུང་དབྱིན་དབར་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོས་གོ་སྐབས་སྟངས་འཛིན་དང་། འགྲན་སློང་ལ་ཁ་གཏད་གཅོག་པ། ཐུན་མོང་ཐོག་འབད་བརྩོན་བཅས་བྱས་ནས་ཀྲུང་དབྱིན་འབྲེལ་བ་ཡང་དག་པའི་བགྲོད་ལམ་ཐོག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་དགོས་ན་ཕན་ཚུན་ཡིད་ཆེས་ནི་རྨང་གཞི་དང་། རྒྱུས་མངའ་ནི་སྔོན་འགྲོའི་ཆ་རྐྱེན། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱ་རྒྱུ་ནི་འགག་རྩ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་དབྱིན་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་གྱི་ཡོད་པས། དབྱིན་ཇི་ཕྱོགས་ཀྱིས་དོན་དངོས་ལ་བརྩི་འཇོག་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ལམ་ལུགས་ལ་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡོད། ཀྲུང་དབྱིན་ཚོང་དོན་མ་འཇོག་གིས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ནས་ལྡོག་འཕར་བྱུང་བ་དེ་ཐོག་ནས་ཀྲུང་དབྱིན་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་བྱུང་བ་སླར་ཡང་ར་སྤྲོད་ཐུབ་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོར་ཐོན་རྫས་སྤུས་དག་དེ་བས་མང་བ་ཕྱིར་གཏོང་བྱས་ནས་སྨན་བཅོས་འཕྲོད་བསྟེན་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། དངུལ་རྩ། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་ཁེ་ལས་ལ་དྲང་གཞག་དང་། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཐོབ་ཐང་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཀྲུང་གོར་ཡོད་པའི་དབྱིན་ཇིའི་ཁེ་ལས་ཀྱི་མཉམ་ལས་ལ་སྟབས་བདེ་བསྐྲུན་རྒྱུ་ཡིན། ཕྱོགས་གཉིས་པོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་གོ་སྐབས་སུ་བརྩིས་ནས་ལུས་རྩལ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས་ལ་དབྱིན་ཇི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཞུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་སྒུལ་ཤུགས་བསྣན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་དམིགས་ཚད་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་རང་བརྟེན་ལེགས་སྐྱེས་འབུལ་ཤུགས་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དེ་ཐོག་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་མཚོན་པས་གོམ་པ་རིམ་བགྲོད་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཀྲུང་གོས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཆོད་སེམས་བརྟན་པོ་དང་སྔར་ནས་ཁ་བཤད་ལག་བསྟར་བྱེད་ཀྱི་ཡོད། དབྱིན་ཇི་ཕྱོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱས་ནས་མཐུན་ཆ་ཡོད་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གིས་བློ་སྟོབས་ཆེན་པོ་དེ་བྱ་སྤྱོད་དངོས་ལ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན།

     གཡོད་ཧན་ཤུན་གྱིས་གསུངས་དོན། ངས་དབྱིན་ཇི་དང་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་དགོངས་འཆར་ལ་ངས་མོས་མཐུན་ཡོད། དབྱིན་ཇི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ། དབྱི་རན་གྱི་ཉིང་རྡུལ། འཇིགས་སྐུལ་ལ་ངོ་རྒོལ་སོགས་གནད་དོན་གལ་ཆེན་མང་པོའི་ཐད་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་ཁེ་ཕན་ལྡན་ཡོད་པས་ཕྱོགས་གཉིས་པོས་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། སློབ་གསོ། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ཁེ་ལས་དབྱིན་ཇིར་མ་འཇོག་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་སྒོ་དབྱེའི་ཚོང་གཉེར་ཁོར་ཡུག་གཏོད་འདོད་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུན་མིང་གི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུ་ལེགས་གྲུབ་ལྡན་པའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གནད་དོན་ལ་ཁ་གཏད་གཅོག་པའི་ཐད་འབྲེལ་གཏུག་དམ་ཟབ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོ་དོ་སྙོམས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།


  • ལེ་ཚན་སྔོན་མ།:ཐོབ་ཐང་ཆ་འཕྲིན་ངོ་མ་མ་སྤྱད་ན་དྲ་རྒྱ་སྤྱོད་མི་ཐུབ་པར་འགྱུར་སྲིད།
  • ལེ་ཚན་རྗེས་མ།:རིམས་འགོག་དང་འབྲེལ་བའི་སྒྲིག་ཁྲིམས་གཏན་འབེབས་སྐོར།
  • དོ་སྣང་ཆེ་བའི་རྩོམ།