ལོ་ཟླའི་འཚོ་བའི་ཁྲོད་ན་གཡེང་ཁོམ་མེད་པའི་ཨ་མ།

བསོད་ནམས་སྒྲོལ་མ།        2021-11-01

དེ་ཡང་འཇིག་རྟེན་གོ་ལ་ཟླུམ་པོ་འདིའི་སྟེང་དུ་གནས་པའི་སྲོག་ལྡན་ཡོད་དོ་ཅོག་ཚང་མ་ཨ་མའི་བྱམས་བརྩེའི་མཐུ་འོག་ལས་འཚར་ལོངས་བྱུང་ཞིང་སྙིང་སྟོབས་མ་རྒྱས་མཁན་གཅིག་ཀྱང་མེད།

དེ་བས་ཨ་མ་ཞེས་པའི་མཚན་ཉིད་འདི་ཐེངས་གཅིག་ཐོས་ཚེ།རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་དང་།མི་ཐམས་ཅད་ཀྱི་སེམས་ན་ཆེས་ཆ་རྒྱུས་ལྡན་པའི་ཐ་སྙད་ཅིག་ཡིན་པ་ཤ་སྟག་གོ།

མ་ལོ་ལགས། ཁྱེད་དང་ང་ཡི་བརྩེ་བ་ཟབ་མོ་དེ་ནི་ལོ་ཟླའི་རླུང་འཚུབ་ཀྱིས་གསུབ་མི་ཐུབ་ལ།དུས་ཀྱི་ཆར་ཆུ་ཡིས་འཇིག་མི་ནུས་པར་འོ་ཆུ་གཅིག་ཏུ་འདྲེས་ཡོད་པས།མ་ལོ་ཁྱེད་ནི་ངའི་དྲན་པའི་ཡིད་ཁོག་ན་ནམ་ཡང་བརྗེད་དུ་མེད་པའི་གཙུག་ནོར་གཅིག་པུ་དེ་ཡིན།

མི་ལུས་རིན་ཆེན་གནང་མཁན་གྱི་ཨ་མ།ཁྱེད་ཀྱིས་བུ་མོ་ང་ལ་འདས་མ་ད་གསུམ་གྱི་བྱམས་བརྩེ་དྲོད་མོ་ཞིག་ངང་གིས་སྟེར་བར་མ་ཟད།བསླུ་བྲིད་དང་གཡོ་སྒྱུའི་མ་ལྷད་པའི་འཛུམ་མདངས་གསོན་པོ་ཞིག་ཡུན་གྱིས་སྦྱིན་མྱོང་།ཁྱེད་ཀྱི་བྱམས་བརྩེའི་མཐུ་འོག་ལས་ང་རང་རྩ་བ་རྒྱས་ཤིང་རྩེ་མོ་འབུས་སུ་བཅུག་བྱུང་།ཁྱེད་ཀྱིས་མངོན་ལྐོག་མེད་པའི་ལྷག་བསམ་གྱི་འོག་ནས་བུ་མོ་ང་རང་གཉོམ་ལག་རྒྱས་པ་ཡིན།

ཨ་མ་ལགས། ལོ་ངོ་འདི་དག་གི་རིང་ལ་ཁྱེད་ཀྱིས་སེན་མགོ་ཁྲག་དང་སེན་གཏིང་རྣག་བྱས་ནས་བདེ་བའི་གཉིད་ཀྱང་ཁུག་མ་མྱོང་།ཁྱེད་ཀྱིས་དཀའ་བ་ཕྲག་ཏུ་ཁུར་ཞིང་ངལ་བ་ཁྱད་དུ་བསད་ནས་བདེ་སྐྱིད་ཀྱི་ཁྱིམ་གཞི་ཞིག་བསྐྱང་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། འོན་ཀྱང་། སེམས་མེད་ཅོལ་ཆུང་གི་བུ་མོ་ངས་ཁྱེད་ཀྱིས་གནང་བའི་ཕྱག་ཟས་ལ་རྔམ་ཟ་རྔམ་འཐུང་བྱེད་པ་ལས་ཅི་ཡང་སྒྲུབ་མ་ནུས།དེ་ལྟར་ན་ང་ནི་ངོ་མ་གཞན་གྱིས་གསོས་པའི་ཕག་ཕྲུག་ཅིག་དང་འདྲ་བར་ཟས་ཐུན་རེ་ཁ་ལ་ཡོང་ཚེ་ཟ་ཤེས་ན་མ་གཏོགས་ཅི་ཡང་བྱེད་མི་ནུས།

ཨ་མ་ལགས། ཁྱེད་ནི་ཉིན་མཚན་དབྱེར་མེད་དུ་ངའི་དོན་དུ་རྒྱུག་རྒྱུག་འདུར་འདུར་བྱས་པའི་དབང་གིས། ད་ལྟའང་མཆོར་སྒེག་ཡིད་དབང་འཕྲོག་པའི་གཞོན་པའི་ལང་ཚོ་མཐོང་རྒྱུ་མེད་ལ། དཀར་ལ་གཞོན་ཤ་ཆགས་པའི་ངོ་གདོང་དེ་ཡང་ཡེ་ནས་མངོན་རྒྱུ་མི་འདུག། མ་ཚད་ཁྱེད་ཀྱི་དབུ་སྐྲ་ནི་སྟོན་དུས་རྩྭ་ལ་བ་མོ་ཆགས་པ་ནང་བཞིན་དཀར་པོར་འགྱུར་བཞིན་པ་དང་།གདོང་ཡོངས་ནི་དགུན་དུས་ཀྱི་འཁྱགས་རོམ་དང་འདྲ་བར་ཉིན་རེ་ནས་ཉེན་རེར་བཞིན་གཉེར་མས་ཁེངས་ཀྱིན་ཡོད་པ་མཐོང་ཙ་ན།ངའི་སེམས་པ་ནི་སྐྱོ་བའི་མུན་ནག་ཅིག་གིས་སྒྲིབ་པར་བྱེད། རྒྱུ་མཚན་ནི།མ་ལོ་ཁྱེད་ནི་རྟག་ཏུ་འཕྲོ་པའི་ཉི་མའི་འོད་ཟེར་ཞིག་དང་འདྲ་བས།ཉི་འོད་ཀྱིས་ཡུལ་གྲུ་ཧྲིལ་བོ་འདི་དངུལ་མདོག་གི་ཞིང་ཁམས་ཤིག་ཏུ་བསྒྱུར་ཐུབ་པར་མ་ཟད་། མི་དམངས་ཡོངས་ཀྱི་ཡིད་ཀྱི་རྨོངས་མུན་ཡང་འཇོམ་པར་བྱེད་ངེས།

ཨ་མ་ལགས། མཚམས་ལན་རེར་ངས་བསམ་པ་ལ་ཁྱེད་ནི་དཔྱིད་དུས་ཀྱི་མེ་ཏོག་སེར་ཆེན་ཞིག་ཡིན་ན་འདོད། དེ་དག་གིས་དགའ་བ་སྟོང་གིས་བསུས་ཏེ་དུངས་བ་འབུམ་གྱིས་ཁྱེར་ནས་སླར་ཡང་མུ་མཐའ་མེད་པའི་ས་གཞི་འདིར་བཞད་དེ་དཔལ་དགའི་སྐྱིད་ལ་རོལ་ཐག་ཆོད་ཡིན། དེ་བཞིན་དུ་ངས་ཡང་ཁྱེད་ཀྱི་མཆོར་སྒེག་ལང་མཚོའི་མཛེས་ཉམས་དེ་ལ་ཡང་བསྐྱར་ཐེངས་གཅིག་ལྟ་འདོད་ཀྱི་རེ་བ་ཆེ་མོད།འོན་ཀྱང་དུས་ཚོད་ནི་རླུང་འཁོར་ཞིག་དང་འདྲ་ལ་ཉིན་མཚན་དུས་བཞིར་བར་མེད་དུ་འཁོར་བཞིན་གདའ།ཨ་མ་ལགས།སླར་མཐོང་མི་ཐུབ་པ་ནི་ཁྱེད་ཀྱི་གཞོན་པའི་ལང་ཚོ་ཡིན་ལ།ཕྱིར་ལྡོག་མེད་པ་ནི་ཡུན་དུ་རྒྱུ་བའི་དུས་ཚོད་དེ་ཁོ་ནའོ།

ཨ་མ་ལགས། ངེད་ཅག་མ་བུ་གཉིས་ཀྱི་བརྩེ་འདང་ཟབ་མོ་ནི་ལྕགས་ཐག་གི་ཨ་ལོང་ཇི་བཞིན་དམ་དུ་སྦྲེལ་ཡོད་པས།གལ་ཏེ།ཁྱེད་ནི་སྔོ་མདོག་ལྡན་པའི་རྒྱ་མཚོ་ཆེན་མོ་དེ་ཡིན་ན།ང་ནི་མཚོ་ཁ་ན་འཕུར་ལྡིང་བྱེད་བཞིན་པའི་ཆུ་བྱ་ཞིག་ཡིན།གལ་སྲིད་ཁྱེད་ནི་འདབ་བརྒྱ་ལྷུག་པར་གྲོལ་བའི་མེ་ཏོག་སེར་ཆེན་ཞིག་ཡིན་ཚེ།ང་ནི་མངར་བཅུད་རྫོགས་པའི་ཟེའུ་འབྲུ་ལེན་མཁན་གྱི་སྦྲང་ཆུང་དེ་ཡིན་པས་དུས་རྟག་ཏུ་ཁ་འབྲལ་མི་འདོད།

ཨ་མ་ལགས།ཁྱེད་ཀྱི་ལྷད་མེད་སྤྱོད་བཟང་གི་བསམ་པ་ནི་ནག་ནོག་གི་དྲི་མས་མ་གོས་པའི་བལ་ལྡན་དཀར་བོ་ལས་མིག་ལ་མཛེས་པ།ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ནི་འབྲོང་ཆུང་དར་མ་ལས་ཁྱད་དུ་འཕགས་པ།དེ་བས་ཁྱེད་ཀྱི་རང་གཤིས་ནི་མཐོན་པོའི་གྲས་ན་གཟི་བརྗིད་ལྡན་པ་དང་།མང་པོའི་དཀྱིལ་ན་རྩེ་རུ་སོན་ཡོད།

ཨ་མ་ལགས།བསམ་གཞིགས་བྱེད་ཚེ་ཁྱེད་ནི་ཁྱིམ་ཚང་འདིའི་ཆེད་དུ་འཇིག་རྟེན་འདིར་འོངས་པ་དང་།ལྷག་ཏུ་ངའི་ཆེད་དུ་འཇིག་རྟེན་འདི་ན་གསོན་ཡོད་པ་དང་འདྲ་།

མདོར་ན་ཨ་མ་ནི་འཇིག་རྟེན་འདི་ཡི་བྱེད་པོ་ཡིན་པར་མ་ཟད།ཁྱིམ་ཚང་འདི་ཡི་བདེ་སྐྱིད་ཀྱི་གཞི་མ་ཡིན་ལ།བུ་ཕྲུག་ང་ཚོའི་སློབ་གསོ་ཡི་དགེ་རྒན་ཐོག་མ་དེའང་ཡིན།

མི་ཡུལ་གྱི་མཛེས་སྡུག་དང་དགའ་སྐྱིད་ཡོད་ཚད་ཨ་མ་ལས་བྱུང་ཡོང་བ་དང་།བརྩེ་བ་དང་སྤྲོ་སྣང་ཡོད་ཚད་ཨ་མས་ང་ཚོར་གནང་བས་མི་ཚེའི་ལེགས་སྐྱེས་ཐོག་མ་ཡིན། དེ་བས་ཨ་མ་ཁྱེད་ནི་ངོ་མ་ལོ་ཟླའི་འཚོ་བའི་ཁྲོད་ན་གཡེང་ཁོམ་མེད་པའི་བྱམས་ལྡན་སྐྱེས་མ་ཞིག་ཡིན་པ་གདོན་མི་ཟའོ།།

  • ལེ་ཚན་སྔོན་མ།:ཆར་ནང་གི་གྱེས་བྲལ།
  • ལེ་ཚན་རྗེས་མ།:དྲིན་གཟོ་ཤེས་པ་ང་ཚོའི་འགན།