གཡག་གི་འཆི་ཁ་མའི་དྲན་པ།

རྡོ་མོ་འཚོ།        2021-10-22

ཞོགས་པའི་ཉི་ཟེར་ཤར་རིའི་རྩེ་ལ་འཕགས་པ་ན།གཡང་ཁྱིམ་འདིའི་བདག་པོ་དང་བདག་མོ་སོགས་བྲེལ་འཚུབ་ཀྱི་ལས་ལ་འབད་བཞིན་འདུག། ཁོ་ཚོས་དགོས་ངེས་ཀྱི་ཅ་ལག་དང་དངོས་པོ་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུ་གསོག་བྱས་ཏེ་སྒྱེ་མོ་འགའ་ཡི་ནང་དུ་བཅུག་རྗེས།ཐག་པ་སྦོམ་པོ་ཞིག་ཁྱེར་འོངས་ནས་ངའི་ལུས་ཐོག་ཏུ་རི་རབ་བཞིན་དུ་སྤུངས་ཤིང་བཀལ་བྱུང་།དབང་མེད་ལ་དབང་ཐོབ་ན།དུད་འགྲོར་གཅིན་སྐྱག་གཏོང་བའི་དབང་ཡང་མེད་ཅེས་པའི་དཔེ་ལྟར།དབྱར་གྱི་ཉི་མའི་ཚ་གདུང་གྲངས་མེད་ཁྱད་དུ་བསད་ནས་རུ་སྤར་དུས་ཀྱི་ཁལ་མ་ཞིག་གི་ལས་འགན་ཡོངས་སུ་གྲུབ་ནས་མཚེར་སར་ཐོན་དུས།ང་རང་ཐང་ཆད་དྲགས་པས་ལྕེ་ཡང་དབང་མེད་དུ་བསྣར་དགོས་བྱུང་། ང་རང་སར་ཉལ་ནས་ཕྱི་ཤུན་དང་སེར་ག་གས་པའི་རྨིག་པ་ལ་ལྟ་ཞོར།སེམས་སུ་ལམ་བར་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་མིག་ལ་མི་རན་པའི་མི་དེ་ཚོ་ལ་དཀའ་ལས་གཏད་པ་ཡིད་ལ་ཤར་ནས་ཅུང་སྐྱིད་པོ་བྱུང་།

ང་ཚོ་ད་སོ་མར་མཚེར་ས་གསར་བ་འདིར་ཐོན་པ་ཡིན་པས།ངའི་ཕོ་བ་ཡང་ཅུང་ཙམ་ལྟོགས་འདུག།སྦྲའི་རྒྱབ་ཕྱོགས་སུ་ཡོད་པའི་རྩྭ་ར་ཆུང་ཆུང་དེར་རྩྭ་སྔོན་སྐྱེས་ཡོད་པ་མཐོང་བས།ཁ་ལ་འགྲམ་ཆུ་ཞིག་ལྡང་ཞོར་དེར་སོང་ནས་རྩྭ་རྒྱགས་ཆད་པ་ཞིག་ཟ་སྙམ་ནས་ཕྱོགས་དེར་བསྐྱོད།ངས་གནས་དེར་རྩྭ་ཁམ་གང་ཡང་ཟ་ལོང་མ་བྱུང་བར་བདག་པོས་ང་རང་མཐོང་ནས་ཁ་ནས་མུག་མུག་གི་སྐད་ངན་འགའ་འདོན་ཞོར་རྒྱུགས་འོངས་ནས་ངའི་སྣ་གཅུ་ནས་བཟུང་དེ་སྦྲ་འདབས་ཀྱི་ཕུར་བ་ཞིག་ལ་བཏགས།ཅུང་མ་འགོར་བར།ངེད་ཚང་གི་ཁྱིམ་མཚེས་རྒད་པོ་ཁ་སྤུ་ཅན་དེ་འོངས་ནས་བདག་པོ་དང་ལབ་གླེང་གང་མང་བྱས།ངས་མི་སྐད་མི་གོ་བའི་རྐྱེན་གྱིས་ཁོ་ཚོས་ཅི་ཞིག་འཆད་བཞིན་པ་མི་ཚོར་ཡང་།ཁོ་ཚོའི་མིག་གི་མདའ་མོ་ངའི་ཕྱོགས་སུ་འཕངས་ནས་ཁ་མུག་མུག་ངང་འགུལ་བ་ལས་ངས་རང་ཉིད་ནི་ཁོ་ཚོའི་ལབ་གླེང་གི་བརྗོད་གཞིར་གྱུར་ཡོད་པ་དངོས་ནས་ཚོར།ཁོ་ཚོས་ཡུན་རིང་ཞིག་ལ་ལབ་གླེང་གི་མཚམས་མ་བཞག།ཁྱིམ་མཚེས་རྒད་པོ་ཕྱིར་ཁྱིམ་དུ་ལོག་སྐབས།ངའི་ཐོང་ཀ་ལ་བྱིལ་བྱིལ་འགའ་བྱེད་ཞོར།བདག་པོ་ལ“ཅི་འདྲའི་གཡག་བཟང་པོ་ཞིག་རེད་ཨང་།རྗེས་ཕྱོགས་གོང་མཐོན་པོ་ཞིག་ལ་འགྲོ་ངེས་རེད”ཅེས་བཤད་ཞོར་བུད་སོང་།བདག་པོས་ཀྱང་ང་ལ་ཡུད་ཙམ་བལྟས་རྗེས་ཡིད་ཚིམ་པའི་ཚུལ་གྱིས་ཕྱིར་སྦྲ་ནང་དུ་འཛུལ་སོང་།

དབྱར་དུས་ཀྱི་ཟླ་གཅིག་ལྷག་གི་ལྗང་མདོག་གི་འཚོ་བ་མཇུག་རྫོགས་ནས།གསེར་མདོག་གི་སྟོན་སར་འབབ་རན་པའི་དུས་ཤིག་ལ།ངས་ལོ་རེའི་དུས་འདི་དང་འདྲ་བར་དངོས་ཟོག་སྐྱེལ་འདྲེན་གྱི་ཁལ་མ་བྱེད་པར་སྟ་གོན་བྱས་པ་ཡིན།འོན་ཀྱང་དབྱར་སའི་རུ་བ་མང་པོ་ཁལ་མ་དང་ལྷན་དུ་སྟོན་སར་ཆས་པའི་ཉིན་མོ་ཞིག་ལ། ངས་མདུན་བསུ་བྱེད་དགོས་པ་ནི་བདག་པོ་ཡི་སྒྱེ་མོ་གྲངས་མེད་ཁྱེར་འོངས་ཏེ་བཀལ་ནས་འཁུར་རྒྱུ་དེ་མ་ཡིན་པར།མཐོ་ཞིང་རྣ་ལ་གཟན་པའི་འཛེར་སྒྲ་ཡིས་ཁེངས་ཤིང་།དུ་བ་གྲངས་མེད་དུ་ཁུང་ལས་སྔོ་ལྷོག་ལྷོག་ཐོན་པའི་རླངས་འཁོར་དང་འགྲོགས་ནས་ཕ་ས་ཕ་ཡུལ་རྒྱབ་ཏུ་དོར་དགོས་པ་དེ་ཡིན།རྟ་བདུན་དབང་པོའི་འོད་ཟེར་ཕ་གའི་རི་མགོ་ལས་ཡར་འཕགས་མ་ཐག་པའི་ཉིན་དེར།བདག་པོ་ཚང་དང་དྲང་ཐད་དུ་ཡོད་པའི་ལམ་ཁ་དེ་རུ་རླངས་འཁོར་མཐོ་ལ་ཆེ་བ་ཞིག་བསྡད་བྱུང་།དེའི་ནང་ནས་ལུས་ལ་ལྭ་ནག་རིང་པོ་གྱོན་ཞིང་མགོ་ལ་ཞྭ་མོ་དཀར་པོ་གྱོན་པ།རྐང་ལ་ཀོ་ལྷམ་ནག་པོ་གྱོན་པའི་མི་འགའ་བབས་བྱུང་།མི་དེ་དག་ང་རང་ཡོད་སའི་ནོར་ལྷས་ལ་ཐོན་མ་ཐག་བདག་པོ་ཡང་སྦྲ་སྒོ་ལས་ཕྱིར་བུད་ནས་ཁོ་ཚོའི་གནས་སུ་ཡོང་།ཁོ་ཚོས་ནོར་ལྷས་སུ་ཁ་བརྡ་བྱས་ནས་ཅུང་ཙམ་འགོར་རྗེས།ངའི་ཕྱོགས་སུ་འོངས་ནས་མིག་ཀེམ་ཀེམ་དང་ཁ་ལྷེབ་ལྷེབ་ངང་དོན་ཆེན་ཞིག་ལ་གྲོས་བསྡུར་བྱེད་པ་དང་འདྲ།འབྲི་མོ་དཀར་མོ་ལ་སོགས་པས་ཡ་མཚར་བའི་ངང་ནས་ང་ལ“ཁོ་ཚོས་ཅི་བྱེད་ཀྱིན་འདུག”ཅེས་དྲིས་པས།ངས་མི་ཤེས་པའི་ཚུལ་དུ་མགོ་བོ་གཡུགས་ཙམ་གྱི་བརྡ་ཞིག་བསྟན།སྐབས་དེར་ཞྭ་མོ་དཀར་པོ་གྱོན་པའི་མི་དེ་གའི་ཁྲོད་ཀྱི་ཁ་སྤུ་མང་པོ་ཅན་དེས་བདག་པོ་དང་ལག་འཇུ་བྱེད་ཞོར།རིམ་ནས་སྒོར་མོ་བརྒྱ་ཤོག་འགའ་བརྩིས་ཏེ་སྤྲད་པ་དང་།ཁོ་ཚོ་ང་ལ་གཏད་ནས་ཚུར་འོངས་པས།ང་འཚུབ་ཆ་དང་བཅས་ཏེ་ཡར་ལངས་པ་ན།བདག་པོའི་གདོང་ལ་འཛུམ་དམུལ་དམུལ་ལངས་ཞོར་ངའི་ལུས་ཐོག་ནས་རྩིད་པ་སྤར་བ་གང་བཙན་གྱིས་བཏོགས་བྱུང་།ངས་ད་ནི་ཁོ་ཚོས་ཅི་ཞིག་བྱེད་བཞིན་པ་གཞི་ནས་རྟོགས་བྱུང་།ང་དངོས་གནས་བཙོང་ཟིན།ཡར་སྔོན་གྱི་བདག་པོ་ཚང་གི་ཁལ་མ་དྲིན་ཆེན་པོ་དེ་དང་འདྲ་བར་གཞན་གྱི་སྒོར་མོ་དང་བརྗེས་ཟིན།

ང་ཁྲིད་ནས་འགྲོ་སྐབས།བདག་པོ་དང་བདག་མོ་སོགས་ལ་སྙིང་རྗེ་དང་སྐྱོ་བའི་ངང་ཚུལ་ཅུང་ཙམ་ཡང་མེད་པར།ལག་གི་སྒོར་མོ་ལ་ལྟ་ཞོར་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་ཤིག་རྒྱས་འདུག། བདག་པོའི་ལག་ཏུ་བཟུང་བའི་སྒོར་མོ་དེ་དག་དོན་ངོ་མར་ང་ལས་ལྷག་པ་ཞིག་ཡིན་ནམ། དབྱར་དུས་ཚ་བ་དང་དགུན་དུས་གྲང་ངར་ཁྲོད་སྒོར་མོ་དེ་ཚོས་དགོས་ངེས་ཀྱི་དངོས་པོ་དག་སྐྱེལ་བ་དང་དགུ་གཞུང་ནས་འཐུང་ཆུ་ཁུར་ནས་ཡོང་ཐུབ་བམ།འབྲི་མོ་དཀར་མོ་ལ་སོགས་པར་བེའུ་སྦྲུམ་དུ་བཅུག་ནས་ཕྱུགས་གྲངས་ཇེ་མང་དུ་གཏོང་ཐུབ་བམ།མཐོ་ཞིང་གཟར་བའི་རི་མགོ་རུ་ལྕགས་ར་རྒྱགས་སྐབས།དེར་འབྲེལ་གྱི་རྒྱུ་རྫས་དག་འཁྱེར་ཐུབ་བམ།གཞན་གཡག་ལྡོམ་པོ་ནོར་ལྷས་སུ་ཡོང་ནས་ཟོག་གདང་གཅོད་སྐབས་དེ་ཕྱིར་བདའ་ཐུབ་བམ།ངས་དངོས་གནས་ཧ་གོ་མ་བྱུང་།

ང་རང་ལྡིར་ལྡིར་གྲགས་པའི་རླངས་འཁོར་འདིའི་འདྲུད་སྒམ་ནང་མགོ་ཡོམ་དང་བཅས་ཕ་ཡུལ་གྱི་རི་ཀླུང་གང་མང་ཞིག་བསྐྱུར་ཞིང་རྒྱུས་མེད་ཀྱི་གཞན་སྡེ་གྲངས་མེད་ཅིག་བརྒྱུད་རྗེས་།གཞི་ནས་ཚེ་མཇུག་བསྐྱེལ་སའི་གནས་དེར་སླེབས་བྱུང་།གནས་འདི་ནི་ང་རང་ཆུང་དུས་ནས་འཚོ་བ་རོལ་སའི་རྩྭ་ཐང་དང་གཏན་ནས་མི་འདྲ།གནས་འདིའི་ག་ས་གང་དུ་དམར་དྲི་ཡིས་ཁྱབ་ཅིང་།གྲི་དང་སྟ་རེ་ལ་སོགས་པའི་ལྕགས་རིགས་མང་བོ་ཡིས་བཀང་འདུག།སྐབས་འདིར་ས་ཡང་རུབ་ལ་ཉེ་བས། ཞྭ་མོ་དཀར་པོ་གྱོན་པའི་མི་དེ་དག་གིས་ང་དང་ནོར་གཞན་པ་ཚོ་དེད་ནས་ཆེ་ཆུང་མི་འདྲ་བའི་ནོར་མང་པོ་བཅུག་ཡོད་པའི་ར་སྐོར་ཆེན་པོ་ཞིག་གི་ནང་དུ་སླེབས་བྱུང་། མི་དེ་དག་གིས་ཐང་ཆད་པའི་སྣང་བ་དང་བཅས་ར་སྐོར་གྱི་སྒོ་སྲ་མོ་ཞིག་བརྒྱབ་རྗེས་ཕྱིར་ཁང་བའི་ནང་དུ་ཉལ་དུ་བུད་སོང་།སྨག་རུམ་གྱིས་བཏུམས་པའི་མཚན་ལྗོངས་འདིར་ང་གཞི་ནས་གཉིད་ཁུག་མི་ཐུབ།ངས་མཁའ་དབྱིངས་ཀྱི་གསལ་ལ་མི་གསལ་བའི་སྐར་མར་ལྟ་ཞོར།དབང་མེད་ངང་ཕ་ཡུལ་ཕྱོགས་ཀྱི་བདག་པོ་དང་བདག་མོ།སྒོ་ཁྱི་བཙན་པོ།འབྲི་མོ་དཀར་མོ་ལ་སོགས་པའི་ནོར་ཁྱུའི་ཚོགས་དྲན་བྱུང་།

སྨག་རུམ་རྫོགས་ནས་དཀར་གསལ་གྱི་ཉིན་མོར་སླེབས་ན་ཡང་།གནས་འདིའི་སྐྱ་རེངས་བུ་མོའི་འཛུམ་ཞལ་གྱི་ཟེར་མ་འཕྲོས་པ་དེ་ཕ་ཡུལ་ཕྱོགས་དང་གཏན་ནས་བསྡུར་སྲོལ་མེད།གནས་འདིའི་ཟེར་མ་ལ་སྙིང་རྗེ་དང་དྲོད་ཁོལ་མེད་པར།གདུག་རྩུབ་དང་ཧམ་སེམས་ཀྱིས་ཁེངས་འདུག་པ་དང་འདྲ།ཁང་པ་ལས་དུ་བ་སྔོ་ལྷོག་ལྷོག་ཐོན་པ་དང་བསྟུན།ཞྭ་མོ་དཀར་པོ་གྱོན་པའི་མི་དེ་དག་གིས་སྐད་ཆ་གྲངས་མེད་ཅིག་ལྡབ་ལྡིབ་ངང་བཤད་ཞོར།ལ་ལས་ལག་ལ་རྣོ་གྲི་བཟུང་ཞིང་།ལ་ལའི་ལག་ལ་སྟ་རེ་དང་ལ་ལའི་ལག་ལ་ཐག་པ།ལ་ལའི་ལག་ལ་སྡེར་མ་ཆེན་པོ་འགའ་བཟུང་ནས་ར་སྐོར་གྱི་སྒོ་ཕྱེས་བྱུང་།སྐབས་དེར་ནང་དུ་ཉལ་ཡོད་པའི་ནོར་ཁྱུ་ཚོགས་ཀྱིས་སྤྱང་ཀི་མཐོང་བ་བཞིན་ཡར་རྒྱུག་མར་རྒྱུག་བྱེད་ཅིང་།ངུ་འབོད་དང་སྡུག་བསྔལ་གྱི་ངུར་སྒྲ་འུར་རུ་རུ་སྒྲོག།གློ་བུར་དུ་ཐག་པ་སྦོམ་པོ་ཞིག་ངས་སྐེ་རུ་བསྐོན་བྱུང་།ངས་རང་ལུས་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ནས་ཕྱིར་འཐེན་བྱས་ཀྱང་ཕན་ཐོགས་གང་ཡང་མེད་པར་ཁོ་ཚོས་ང་རང་ལྷས་ར་ལས་སྒོར་ཕྱིར་ཁྲིད་བྱུང་།

ལག་ཏུ་གློ་གྲི་ཐོགས་པའི་མི་དེ་མཐོང་བའི་མོད་ལ།ངས་རང་གི་ཕ་ཡུལ་དང་བདག་པོ་ཡང་ཡང་དྲན་བྱུང་་་་་་་



  • ལེ་ཚན་སྔོན་མ།:རང་དོན་དང་གཞན་དོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།