སོ་སོའི་སྐྱེ་བོར་ཤན་སྟོབས་རེ།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།        2021-09-27

སྤྱན་སྦར་དང་སྲིད་སྟེགས་ཀྱི་སྐྱེ་བོ་ཁོ་ནས་ད་གཟོད་དུས་རབས་འཕེལ་ཕྱོགས་ཀྱི་སྣ་འདྲེན་པ་དང་སྣེ་འཛིང་རྣམ་པ་ཁ་ལོ་བསྒྱུར་ཐུབ་པ་ཞིག་མ་ཡིན་པར་ང་ཚོ་ཕལ་པའི་མི་སེར་ལའང་སོ་སོའི་ཤན་སྟོབས་རེ་ཅིས་ཀྱང་ཡོད་ངེས་ཡིན། ཕལ་པའི་མི་སེར་གྱི་ཤན་སྟོབས་ནི་རྟག་པར་མངོན་པར་གསལ་བ་ཞིག་དང་གཟི་བྱིན་འབར་བ། མིག་ཏུ་འཚེར་བ་ཞིག་མིན་ལ། ནུས་པ་མྱུར་ཐོན་ཞིག་ཀྱང་མ་ཡིན། འོན་ཀྱང་དེའི་སྟབས་ཀྱིས་ཕལ་པའི་ཤན་སྟོབས་སྣང་མེད་དུ་གཏན་ནས་འཇོག་མི་རུང་།

ཉི་ཧོང་གི་ཞིང་ལས་རིག་པའི་འབུམ་རམས་པ་ཡོན་ཧྲན་ཀྲིན་ཡེན་གྱིས་དུས་རབས༢༠ལོ་རབས༨༠པའི་དུས་མཇུག་ཏུ་ཀྲུང་གོ་ནས་སྡོང་ཕྲུག་བཙུགས་ཏེ་དགུང་ལོ༩༧བར་དུ་བསྡད་ཅིང་། ཉིན་ནས་ཉིན་མཐུད་དེ་ཨེན་ཀི་པེ་ནས་ཆུ་ཚོད༡༠རིང་ལ་སྡོང་ཕྲུག་བཙུགས། ཁོའི་ཤན་སྟོབས་ཀྱིས་ཉི་ཧོང་གི་དང་བླངས་པ༧༣༠༠ལྷག་ཨེན་ཀི་པེ་རུ་འབྱོར་ནས་སྡོང་ཕྲུག་བྱེ་བ་གསུམ་ལྷག་བཙུགས་ཤིང་བྱེ་ཐང་མུའུ་ས་ཡ་གསུམ་ལྷག་ལྗང་མདོག་ཏུ་བསྒྱུར། མི་གཅིག་གིས་ལོ༢༠རིང་མུ་མཐའ་མི་མངོན་པའི་བྱེ་ཐང་གི་ཟུར་ཅིག་དེ་མ་ཉིད་དུ་ལྗང་ཡུག་ཡུག་གི་ལྗང་གླིང་དུ་བསྒྱུར། དེ་ནི་ཤན་སྟོབས་རེད།

དུས་རྒྱུན་གྱི་འཚོ་བའི་ཁྲོད་མི་ཞིག་གི་ཡིད་གཟབ་མ་བྱས་པའི་བྱ་ལས་སྤྱོད་སྟངས་སམ་ཉག་ཕྲ་བའི་ཞིབ་ཆ་རེ་རེས་དོན་ཆེན་པོ་རེ་ཟུང་ལ་ཤན་ཤུགས་ཐེབས་སྲིད། ཤན་སྟོབས་འདི་ཉིད་ལྐོག་གྱུར་མངོན་དུ་མེད་པས་སེམས་ཞིབ་མོས་མ་དཔྱད་ན་རྟོགས་ཐབས་ལར་ནས་མེད།

མཚོ་རྒྱུད་ནས་ཐོན་པའི་ཁེ་ལས་པ་ཞིག་གིས་ནང་ལོག་ཏུ་མ་དངུལ་གཏང་བསམས་ཏེ་གྲོང་ཁྱེར་ཀ་པ་དང་གྲོང་ཁྱེར་ཁ་པ་གཙོ་གནད་དུ་བཟུང་ནས་རྟོག་ཞིབ་བགྱིས།གྲོང་ཁྱེར་ཀ་པ་ཡི་སྲང་མགོའི་ལྷམ་ཕྱི་ཨ་ནེའི་བྱེད་སྟངས་ཀྱིས་ཁེ་ལས་པ་དེའི་སེམས་རྨང་ནས་བསད་བྱུང་སྟེ། ཨ་ནེ་དེས་ཐོག་མར་ལྷམ་ཡ་གཅིག་གི་ལྷམ་ཐིག་བཀྲོལ་ནས་གམ་དུ་བཞག་རྗེས་སྒོར་མོ་སྤྲད་མཐར་གཞི་ནས་ལྷམ་ཐིག་བསྒྲོགས། ངང་ཚུལ་དེས་ཁེ་ལས་པ་གྲོང་ཁྱེར་ཀ་པའི་སྡོད་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་ལ་དོགས་པ་མི་སྐྱེས་རང་སྐྱེ་རུ་གྱུར་བ་སྟེ། མི་ཞིག་གིས་ལྷམ་ཕྱིས་ཚར་རྗེས་སྒོར་མོ་མ་སྤྲད་པར་བྲོས་མྱོང་བ་ཐག་གིས་ཆོད། གྲོང་ཁྱེར་ཁ་པ་རུ་ཁེ་ལས་པ་དེ་གླ་གཏོང་རླངས་འཁོར་ལ་ཐེངས་ལྔར་བསྡད་ཀྱང་རླངས་འཁོར་ལས་མ་འབབ་གོང་ཁ་ལོ་བ་ལྔ་པོས་སྐུ་ཞབས་ལགས།ཁྱེད་ཀྱི་ཅ་དངོས་བརྗེད་དུ་མ་འཇུག་ཅེས་བློ་དཀར་གསལ་འདེབས་བྱས།

མཐའ་གཞུག། ཁེ་ལས་པ་དེས་རང་ཉིད་ཀྱི་ཁེ་ལས་གྲོང་ཁྱེར་ཁ་པ་རུ་གཟུགས་རྒྱུའི་ཐག་བཅད། དེའི་སྟོབས་ཀྱིས་གྲོང་ཁྱེར་ཁ་པ་རུ་མི༥༠༠༠ལ་ལས་ཞུགས་ཀྱི་གོ་སྐབས་རག་པ་དང་གྲོང་ཁྱེར་ཁ་པའི་ཁྲལ་དོན་སྡེ་ཁག་གིས་ཀྱང་ལོ་རེར་ཁྲལ་སྒོར་ཁྲི་མ་འབུམ་སྡུད་ཐུབ་ཀྱིན་ཡོད། དེ་ནི་ལྷམ་ཕྱི་ཨ་ནེ་ཞིག་དང་རླངས་འཁོར་ཁ་ལོ་བ་འགའི་ཤན་སྟོབས་རེད།

ངའི་བུ་ཆུང་གིས་ཁ་ཟས་མ་ཟ་གོང་དང་གསང་སྤྱོད་ཁང་དུ་བསྡད་རྗེས་ནན་ཏན་གྱིས་ལག་པ་བཀྲུས་པ་ཡིན། སྐབས་ལན་རེར་དུས་ཚོད་བྲེལ་བ་ཆེ་བས་ངས་ཁོ་ལ་བཀྲུ་ཁལ་རེ་བྱོས་དང་ཆོག་པ་ཡིན་ཞེས་གྲོས་མགོ་བཏོན་ཡང་། བུ་ཆུང་གིས་མགོ་བོ་འཕྲེད་དུ་གཡུག་གཡུག་གིས་དེ་ག་ནས་ཆོག། ང་རང་བྱིས་གཉོར་ཁང་འགྲིམས་པ་ནས་འདི་ལྟར་གོམས་པར་གྱུར་ཡོད་ཅེས་ཚིག་ཐག་ཆོད་པོས་བཤད།

མནོ་བསམ་རེ་བཏང་ན་རྟོག་ཡོང་སྟེ། དེ་ནི་བྱིས་གཉོར་ཁང་གི་དགེ་རྒན་ཞིག་གི་ཤན་སྟོབས་རེད། མི་འགའ་ཤས་ཀྱི་དྲན་ཤེས་ཁྲོད་བྱིས་གཉོར་ཁང་གི་དགེ་རྒན་ནི་བྱིས་པའི་རྩེད་རོགས་མ་ཡིན་ནམ། དེར་དེ་འདྲའི་ཤན་སྟོབས་ཆེན་པོ་ཞིག་ཡོད་སྲིད་དམ་སྙམ་ཡོད། དེ་ནི་ལོས་ཡོད་དེ། ཁོ་མོ་ཚོའི་སློབ་གསོས་མི་ཞིག་གི་མི་ཚེ་གང་བོའི་བྱེད་སྟངས་གོམས་གཤིས་ལ་ཤན་ཤུགས་ཐེབས་སྲིད་དོ། །



  • ལེ་ཚན་སྔོན་མ།:སྟོན་རླུང་ལྡང་རྗེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།