ཨ་མ་དྲན་པའི་གདུང་བ་ལྕི་མོ།

སད་མི།        2021-09-27

སྒུག་པའི་ལོ་ཟླ་ཧྲིལ་གྱིས་བྲིས་ན་སྐྱོ་བའི་ངུ་སྐད་ཤར་མར་ཡོང་། །

འདས་པའི་གཏམ་རྒྱུད་དལ་གྱིས་བཤད་ན་སྨྲེང་བའི་སྨྲེང་ངག་ཨེན་ཙམ་འཆར། །

དེ་ལྟར་བསམས་ཤིང་ཕྱི་འདང་བྱེད་ཚེ་མིག་ཆུ་མི་ཆད་རྒྱུན་མར་འགྲོ། །

སྐྱེ་འཆིར་གཏོགས་པའི་བང་རིམས་ཁྲོད་ནས་ཨ་མ་དྲན་པའི་དྲན་ཐོ་བརྩེགས། །

ཨ་མ་དྲན་པའི་གདུང་བ་ཟབ་ཀྱང་རྒྱང་རིང་ཡུལ་གྱིས་བཅད་པ་ན། །

ཕྲན་ཆུང་བདག་གི་གཟུགས་པོ་འདི་ཉིད་བྱ་དང་བྱིས་ཀྱི་སྒྲོ་ཐོགས་ན། །

སེམས་འདི་མི་སྐྱོ་ནམ་མཁའི་བྱ་བཞིན་ཨ་མའི་འཁྲིས་སུ་འཕུར་བར་འདོད། །

ལེའུ་བར་སྟོང་གི་ཡུལ་གྲུ་བསྙེགས་ཀྱང་ཨ་མ་དྲན་པའི་སེམས་འདི་ཐོགས། །

འཇིག་རྟེན་ཆོས་ཀྱི་སྣ་ཚོགས་འདུས་ཀྱང་བདག་དང་རིང་དུ་གྱེས་པ་མྱོང་། །

ཆུང་འདྲིས་སྙིང་གི་ཁ་ཡ་ན་ཟླ་བདག་གི་སེམས་འདིས་དོར་བ་མྱོང་། །

མཛའ་བརྩེའི་གྲོགས་ཀྱི་དུང་བ་ལྷད་མེད་བདག་གི་སེམས་འདིས་བརྗེད་པའང་མྱོང་། །

འོན་ཀྱང་སེམས་ཀྱི་ཟབ་སར་བཞུགས་པའི་ཨ་མའི་ཞལ་རས་རྟག་ཏུ་འཁོར། །

ཨ་མ་དྲན་པའི་དྲན་ཐོའི་བར་ནས་སེམས་ཀྱི་རྟོག་འགྱུ་གློག་ལྟར་འཁྱུག །

ཨ་མ་དྲན་པའི་ལོ་ཟླའི་ནང་ནས་སྐྱོ་བའི་སྣང་བརྙན་ཡིད་དུ་ཤར། །

ཨ་མ་དྲན་པའི་ཉིན་ཞག་གསེབ་ནས་བདག་སེམས་ལྷོད་ཀྱིས་གནས་པ་མེད། །

ཨ་མ་དྲན་པའི་རྨི་ལམ་ཀློང་ནས་ཨ་མས་ཁོ་བོའི་གཉིད་ཀྱང་བཅགས། །

སློབ་གླིང་གསེར་གྱི་མཛེས་ལྗོངས་ཚལ་ནས་ཨ་མ་དྲན་པས་ཅི་ཞིག་བྱ། །

ལག་པས་བསྙབས་ཀྱང་ཟིན་པ་མེད་ལ་དྲན་པས་བོས་ཀྱང་ཐུབ་པ་མེད། །

འོན་ཀྱང་ནང་སེམས་རྣམ་རྟོག་རྒོད་པོ་རིང་ནས་རིང་དུ་གྱེས་འདོད་ཀྱིས། །

སྙིང་ལ་ཟུག་པའི་ཨ་མའི་ཞལ་འཛུམ་ཝ་ལེར་ཝ་ལེར་ཡིད་དུ་འཁོར། །

ཆུང་ཆུང་དབྱར་གྱི་ཆུ་འཛིན་ཁྲོད་ནས་ཨ་མའི་ལག་ཟུང་འཇམ་འཇམ་གྱིས། །

བྱིལ་བྱིལ་མགོ་བོའི་ཐོ་ལྕོག་ཟག་ཞོར་ཟོག་ལུག་རྗེས་སུ་བརྙེགས་བསྙེགས་ཀྱིས། །

དྲན་དྲན་ཨ་མའི་བྱམས་བརྩེའི་རང་མདངས་ཁོ་བོས་འདི་ནས་ཡང་ཡང་དྲན། །

དྲན་པའི་མཚོ་མོ་ཆུ་ལ་བསྒྱུར་ན་རྒྱ་མཚོ་བཞིན་དུ་ཧ་ཅང་ཆེ། །

སྐབས་དེར་དབྱར་དགུན་སྟོན་དཔྱིད་གང་ལ་ཨ་མའི་གྲིབ་བཞིན་འགྲོགས་པ་ཡི། །

སྐྱིད་པའི་ཉམས་དང་སྤྲོ་བའི་འཚོ་བ་མ་ཤེས་ཚོད་ཚོད་འཚོས་པ་དག །

སྐབས་དེར་མ་ཤེས་ད་ལྟའི་འགྱོད་གདུང་ཁོག་པའི་མཆིན་ཤ་གཏུབ་པ་ལྟར། །

ཞེ་དང་སེམས་ཀྱི་སྡུག་བསྔལ་འདི་དག་རི་བོ་བཞིན་དུ་ཡོམ་ཡོམ་འགུལ། །



  • ལེ་ཚན་སྔོན་མ།:ཚོར་ཤུལ་ཨུཏྤལ་དཀར་དམར།
  • ལེ་ཚན་རྗེས་མ།:འཚོ་གནས་ཀྱི་ཡང་སྙིང་དེ།