དབྱངས་འབུམ་ཕྲག།

ཁམས་པ་རབ་དབྱངས།        2021-09-14

ཁྱེད་ཀྱི་གཟུགས་འགྱུར་མེ་ལོང་ནང་། །

རྣམ་རྟོག་ཚིག་གི་རང་འོད་གསལ། །

དབྱངས་ཅན་ངག་གི་གླུ་དབྱངས་ལ། །

ཁྱེད་ནི་འགྲོ་བའི་གཉེན་དུ་གྱུར། །

སེམས་ཀྱི་རྒྱང་རིང་མ་མཐོང་བས། །

ཁྱེད་སྐུ་ཐུགས་ལ་ཉེ་རིང་མེད། །

སྣང་བ་ཚིག་གི་གཏིང་རིམ་ལ། །

ཚེ་རབས་འདི་ཡི་གླུ་ཞིག་ལེན། །

མུན་པས་ས་སྲོད་མཐོང་བ་མེད། །

ཁྱེད་སྐུ་གྲིབ་མ་གསལ་བའི་ཚེ། །

འཛུམ་པ་པད་མའི་གེ་སར་ལ། །

སྦྲང་བུ་ཚོགས་རྣམས་དེ་ལ་འཁོར། །

སྐྱེ་བ་འདི་ཡི་གདུང་སེམས་ལ། །

ལས་ཀྱི་གྲིབ་སོ་རྒུད་རྗེས་སུ། །

སྐྱེ་འཆི་རླུང་ཆེན་ལྡང་བ་ན། །

ཉི་ནུབ་གྲིབ་མའི་ཚུལ་དུ་ནུབ། །

ཁྱེད་ནི་བདག་གི་འཆར་ཡན་ནང་། །

འཇའ་འོད་བཞིན་དུ་ཇེ་དྭངས་རེད། །

ལས་ཀྱི་སྨུག་པ་འཁྲིགས་རྗེས་ན། །

འཚོ་བའི་ལས་སྐལ་བོར་སོང་ངམ། །

ཁྱེད་ཀྱི་སྙན་ངག་སྦྱོར་སྟངས་ཀྱིས། །

ཚིག་གི་བྱིན་རླབས་ངག་ལ་བྱིན། །

ནམ་ཟླ་འདི་གར་རྫོགས་རྗེས་སུ། །

འཚོ་བའི་ཟློས་གར་སུ་ལ་འབྲི། །

ཁྱེད་ཀྱི་ན་ཚོད་འབུམ་ཕྲག་ལ། །

སྐྱོ་བའི་མིག་ཆུ་ཡང་ཡང་བཏང་། །

དབྱངས་ཀྱི་གཙང་བོ་མི་སྡོད་པར། །

སྨྲེང་གླུ་འདི་དག་སུ་ལ་བཏང་། །

ཁྱེད་ཀྱི་འཚོ་བའི་གཏིང་རིམ་འདི། །

སེམས་ཀྱི་རྟ་ཕོའི་བརྒལ་རྗེས་སུ། །

ངལ་དུབ་སངས་བའི་གླུ་ངག་འདི། །

ཁྱེད་ཀྱི་མགྲིན་པའི་གསེང་དུ་རྡོལ། །

ཁྱེད་ཀྱི་མེ་ལོང་སྣ་ཚོགས་ནང་། །

མཚོན་ཐབས་འདི་དག་ཡིད་དུ་འོང་། །

དབྱངས་ལ་སྒྱུ་མའི་སྣང་སྟོང་འདི། །

ཚིག་གི་འཕྲུལ་བའི་ཉམས་ཤིག་དོད། །

ཁྱེད་ཀྱི་འཚོ་བའི་འདུ་དགོད་ལ། །

རྟེན་འབྲེལ་ལས་ཀྱི་འཆར་སྣང་བྲིས། །

སྙན་ངག་འཕྲུལ་བའི་སྣ་ངོར་ལ། །

དབྱངས་ཀྱི་འབུམ་ཕྲག་ཕྱེད་ཙམ་བྲིས། །



  • ལེ་ཚན་སྔོན་མ།:མེ་ཏོག་རྙེད་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།