རང་བྱུང་ཤ་མོའི་རྟེན་གཞི་ཡིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དམངས་ཕྱུག་ཐོན་ལས་བསྐྱངས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-09-13

རང་བྱུང་ཤ་མོའི་རྟེན་གཞི་ཡིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དམངས་ཕྱུག་ཐོན་ལས་བསྐྱངས།
བྲག་མགོ་རྫོང་གཞི་མདའ་ཡུལ་ཤོག་གཞི་རིང་ཁོག་གི་ཤ་མོ་འདེབས་འཛུགས་གནས་གཞི།

དབྱར་ཀ་སླེབས་པ་ནས་བཟུང་། “ཤ་མོའི་རྒྱལ་པོ”བེ་ཤ་ཡིས་གཙོ་བོ་བྱེད་པའི་རང་ཁུལ་གྱི་བཟའ་བྱའི་ཤ་མོ་གསར་པ་རིགས་ཀྱི་དྲི་ཞིམ་དེ་མཐོ་སྒང་གི་ནགས་ཚལ་བརྒྱུད་ནས་རྒྱལ་ནང་ནས་རྒྱལ་ཕྱི་དང་། ལྗར་པན་དང་ལྷོ་ཁོ་རེ་ཡ་ནས་ཡོབ་གླིང་དང་མེ་གླིང་སོགས་སུ་ཁྱབ་བཞིན་ཡོད་པ་རེད།

དཀར་མཛེས་ནི་རང་བྱུང་ཤ་མོའི་རིགས་ཧ་ཅང་མང་བའི་བང་མཛོད་ཅིག་ཡིན་ཞིང་། དབྱར་ཀ་སླེབས་ནས་ས་གཞི་ཆར་གྱིས་བརླན་རྗེས། བེ་ལོའི་ཤ་མོ་དང་འབྲུ་མིག་ཤ་མོང་།གླ་བ་ཤ་མོ་ལ་སོགས་པའི་ཤ་མོའི་རིགས་རྩ་ཆེན་རྣམས་ཡངས་པའི་ས་ཆེན་བརྟོལ་ནས་སྐྱེས།

དཀར་མཛེས་ནི་མིས་བཟོས་བཟའ་བྱའི་ཤ་མོ་འདེབས་གསོ་བྱེད་པའི་ཁྱད་འཕགས་ཀྱི་རང་བྱུང་ས་ཁོངས་ཤིག་ཡིན་ཞིང་། ཚན་རྩལ་གྱིས་སྐུལ་འདེད་འོག་ཏུ་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དང་། ཉག་ཆུའི་འབབ་རྒྱུད། གངས་དཀར་རི་བོའི་མཐའ་སྐོར་སོགས་སུ་མིས་བཟོས་འདེབས་གསོ་བྱས་པའི་ཤ་མོའི་རིགས་དྲོད་ཁང་ཆེན་པོའི་ནང་ནས་ཐོན།

སྐྱེས་ཁམས་དང་རི་སྐྱེས་བཟའ་བྱའི་ཤ་མོའི་ཐོན་ཁུངས་ཁྱད་འཕགས་ལ་གཞི་ཚུགས་ནས་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རྩལ་གླིང་དང་ཁུལ་སྲིད་གཞུང་གི“གླིང་ཁུལ”ཞིང་ལས་ཚན་རྩལ་མཉམ་འབྲེལ་གྱིས་འདེགས་སྐྱོར་བྱས་འོག རི་སྐྱེས་ནས་ཁྱིམ་གསོ། ཕྱི་འདྲེན་ནས་འདུལ་གསོ། ཤ་མོ་ཆུང་ཆུང་ནས་ཐོན་ལས་ཆེན་པོར་བརྒྱུད། ཉག་ཆུ་རྫོང་ལ་ཀྲུང་གོའི་བེ་ཤའི་ཆོལ་ཁ་དང་དར་མདོ་གྲོང་ཁྱེར་ལ་ཀྲུང་གོའི་མཐོ་སྒང་གི་ར་གྲོད་ཤ་མོའི་ཆོལ་ཁ་ཞེས་པའི་རྒྱལ་ཁབ་རིམ་པའི་མིང་བྱང་ཐོབ་ཡོད། གནམ་ལ་བལྟས་ནས་ཟ་མ་ཟ་བ་ནས་དམངས་ཕྱུག་ཐོན་ལས་ཤ་མོའི་ལམ་བུ་བཏོད་ཡོད་པ་རེད།

ཁུལ་ཞིང་ལས་ཚན་རྩལ་ཞིབ་འཇུག་ཁང་གི་སུའོ་ཀྲང་དབྱང་ཁའེ་ཅུན་གྱིས་དཀར་མཛེས་ཁུལ་གྱི་དམིགས་བསལ་གནམ་གཤིས་དང་བཀོལ་སྤྱོད་ཆོག་པའི་ས་ཆ་རྒྱ་ཆེ་བ་དེ་ནི་བཟའ་བྱའི་ཤ་མོའི་ཁྱད་འཕགས་ཀྱི་རང་བྱུང་ཐོན་ཁོངས་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་བཟའ་བྱའི་ཤ་མོ་ཐོན་ལས་འཐབ་ཇུས་ནུབ་སྤོས་དང་སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཀྱི་བཟའ་བྱའི་ཤ་མོའི་མཆོག་གྱུར་ཁྱབ་ཁོངས་རྒྱུན་འཛིན་བྱས་ཡོད་པ་རེད་ཅེས་བཤད།

རི་སྐྱེས་ནས་ཁྱིམ་གསོའི་བར་གྱི་རྒྱུན་མཐུད་བརྟན་བརླིང་གི་དམངས་ཕྱུག་ལམ་བུ།

ཉེ་ཆར། ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་ནགས་རི་གྲོང་སྡེའི་ནང་ཚ་བ་ཆེ་བའི་གནམ་གཤིས་ཀྱིས་ཀྲའོ་དབྱིང་ཅན་དང་གྲོང་དམངས་ཚོའི་ངར་ཤུགས་བཀག་ཐུབ་མེད། ཁོས་ཕྱོགས་གཅིག་ནས་ཤ་མོ་འཚོལ་བསྡུ་བྱས་རྗེས་ཀྱི་རྟེན་གཞིའི་ནང་དུ་ཚོད་དཀར་ཆེ་བ་རྨོས་པ་དང་། ཕྱོགས་གཅིག་ནས་སང་ལོའི་རྟེན་གཞི་རྒྱས་སྐྲུན་བྱ་རྒྱུའི་དོན་དག་གྲོས་མོལ་བྱ་རྒྱུར་བྲེལ་བ་རྒྱག་གི་འདུག

ད་ལོར། ས་གནས་དེ་གའི་སྲིད་གཞུང་གི་ཁྲིད་སྟོན་འོག། ཀྲའོ་དབྱིང་ཅན་གྱིས་གྲོང་སྡེའི་ནང་ས་ཞིང་མུའུ60ལྷག་ཙམ་དུ་ཤ་མོ་བཏབ་པ་དང་། ལོ་དང་པོར་ལོ་ལེགས་བྱུང་ཞིང་ཐོན་རྫས་པེ་ཅིང་དང་ཧྲང་ཧའེ་སོགས་སུ་བཙོངས་པས། ཁོ་ལ་སྔར་བས་ཡིད་ཆེས་སྐྱེས་ཏེ་འཕྲལ་མར་རྟེན་གཞི་ལྡབ་གཅིག་རྒྱ་སྐྱེད་ཆེ་བར་གཏང་རྒྱུའི་ཐག་བཅད།

ཀྲའོ་དབྱིན་ཅན་གྱིས་ཡིད་ཆེས་ཁེངས་པའི་སྒོ་ནས་སྒོར་ཁྲི100ལྷག་ཙམ་བཙོངས་རྗེས་གྲོང་དམངས་ལ་གླ་ཕོགས་སྒོར་ཁྲི30ལྷག་ཙམ་སྤྲད་པར་བརྟེན། ཕྱིར་འཚོང་ཡོང་འབབ་སྔོན་དཔག་ལས་བརྒལ་ཡོད། དེ་ནི་སྲོལ་རྒྱུན་གྱི་ས་ཞིང་འདེབས་རྒྱུ་དང་བསྡུར་ཐབས་གཏན་ནས་མེད་པས་སང་ལོ་སྔར་ལས་ལྷག་པའི་ཡིད་ཆེས་ཡོད་ཅེས་བཤད།

ལི་ཐང་རྫོང་མོ་ལ་སྨད་མའི་ཡུལ་ཤོག་མར་གནས་གྲོང་སྡེའི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཐུབ་པ་བྱུང་ཡོད།

མོ་ལ་སྨད་པའི་ཡུལ་ཚོའི་མར་གནས་གྲོང་སྡེ་ནི་ལི་ཐང་རྫོང་གི་ཆེས་ཐག་རིང་བའི་གྲོང་སྡེ་ཞིག་ཡིན་པ་དང་། གྲོང་སྡེའི་ནང་ས་རྒྱུ་ཞན་ལ་ས་ཞིང་ཉུང་བས་ལོ་ལྟར་ཤ་མོ་འཐུ་བ་དང་དབྱར་རྩྭ་དགུན་འབུ་བརྐོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ལོ་ལྟར་གྲོང་དམངས་ཚོ་སྐྱ་ཟད་སྔོ་སྡུག་གི་གནས་སུ་གྱར། 2018ལོར་དབུལ་ཐར་གྱི་དཔྱིད་རླུང་ལ་བརྟེན་ནས། གྲོང་སྡེ་ཡོངས་ཀྱིས་ས་ཁོངས་བརྒལ་བའི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ལི་ཐང་རྫོང་འཇའ་བ་གྲོང་རྡལ་དུ་ལི་ཐང་གི་མར་གནས་སྟོད་པའི་ཤ་མོ་ཐོན་ལས་དཔེ་སྟོན་རྟེན་གཞི་བཙུགས་པས་གྲོང་སྡེ་ཡོངས་དབུལ་ཐར་བྱུང་ཡོད། ཞུང་ཞུང་ནི་དེའི་ཁྲོད་ཀྱི་ཁེ་ཕན་ཐོབ་མཁན་ཞིག་རེད།

ཞུང་ཞུང་གི་ཁྱིམ་མི་གསུམ་པོ་རྟེན་གཞི་ས་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་།འབྲོག་ལས་བྱེད་མཁན་ནས་ཐོན་ལས་བཟོ་པར་གྱུར་པས་ཡོང་འབབ་བརྟན་པོ་ཡོད་པ་རེད།

ཤ་མོའི་དྲོད་ཁང་ནང་དུ་འཛུལ་སྐབས་ཞུང་ཞུང་གིས་བློ་ཡིད་ཚིམ་པོས་ད་ཆ་འཚོ་བ་ཧ་ཅང་ཡག་པོ་འདུག ལོ་གཅིག་ནང་ཁྱིམ་ཚང་གང་བོར་སྒོར་ཁྲི10ཙམ་གྱི་ཡོང་འབབ་རག་གི་ཡོད། དབུལ་ཐར་བྱུང་རྗེས་ལྟོ་གོས་ཐད་སེམས་ཁྲལ་མི་འདུག་པར་མ་ཟད་། རྫོང་གི་ཁུལ་དུ་གཞི་ཁྱོན་སྨི་གྲུ་བཞི་མ140ལྷག་ཙམ་ཡོད་པའི་ཁང་པ་ཆེན་པོའི་ནང་སྤོས་པས་ཆུ་དང་གློག་སྟབས་བདེ་རུ་ཕྱིན་ཡོད། ཚ་བོ་ད་དུང་གྲོང་ཁྱེར་ནང་གི་སློབ་གྲྭ་ཡག་ཤོས་ནང་ཞུགས་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ང་ཚོས་ཚན་རྩལ་ལ་བརྟེན་པའི་བྱེད་ཐབས་སྤྱད་ནས་ཤ་མོའི་ཐོན་ལས་ལེགས་བཅོས་ཧུར་ཐག་བྱས་ནས་གནམ་ལ་བལྟས་ནས་ལྟོ་ཆས་བཟའ་བའི་གཞན་དབང་གི་རྣམ་པ་བསྒྱུར་བར་བརྟེན། རིམ་བཞིན་བཟའ་བྱའི་ཤ་མོའི་ཐོན་ལས་རི་སྐྱེས་ནས་ཁྱིམ་གསོ་རུ་གྱུར་དང་འགྱུར་བཞིན་ཡོད། དཀར་མཛེས་ཁུལ་ཞིང་ལས་ཚན་ཞིབ་ཁང་གི་བཟའ་བྱའི་ཤ་མོ་ཞིབ་འཇུག་ཚོགས་ཆུང་གི་འགན་འཁུར་བ་ཐང་མིང་ཞན་གྱིས་མིའི་ཐབས་ལ་བརྟེན་ནས་བཟའ་བྱའི་ཤ་མོའི་ལག་རྩལ་མཐར་སོན་པའི་གནས་ཚུལ་འོག་ཡོང་འབབ་བརྟན་པོ་ཡོད་པར་མ་ཟད། མུའུ་རེའི་ཐོན་ཚད་ཀྱང་སྲོལ་རྒྱུན་ཞིང་ལས་དང་བསྡུར་ན་ལྡབ་མང་པོས་འཕར་སྣོན་བྱུང་བ་རེད་ཅེས་བཤད།

དཀར་མཛེས་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་པ་དང་།འབུར་གཟུགས་ཅན་གྱི་གནམ་གཤིས་མངོན་གསལ་དོད་ཅིང་།ཉི་འོད་འདང་ལ་མཁའ་རླུང་གཙང་བ།ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཡོད་པས་གོ་ལ་ཧྲིལ་པོའི་སྐྱེ་དངོས་ཀྱི་རིགས་ཆེས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཡིན་པས། ཤ་མོ་སྐྱེ་འཚར་ཡོང་བར་རང་བྱུང་གི་ས་ཆ་མཁོ་འདོན་བྱས་ཡོད། རྒྱལ་ཡོངས་སུ་བཟའ་བྱའི་ཤ་མོ་རིགས700ལྷག་ཙམ་ཡོད་པ་ལས་དཀར་མཛེས་ཁུལ་དུ་མིང་འདོགས་དང་རི་མོ་བྲིས་པའི་ཤ་མོ་རིགས330ལ་ཟིན་ཡོད་པར་མ་ཟད།ལོ་རེར་ནགས་ཁྲོད་བཟའ་བྱའི་ཤ་མོ་ཏུན10000ལྷག་ཙམ་ལ་ཟིན་གྱི་ཡོད།

2020ལོར་སླེབས་སྐབས། ཁུལ་ཡོངས་སུ་མིའི་ཐབས་ལ་བརྟེན་ནས་བཟའ་བྱའི་ཤ་མོ་ཐོན་ལས་དང་འབྲེལ་བ་ཡོད་པའི་ཚོང་ཁང་གི་གྲངས་འབོར1300ལས་བརྒལ་བ་དང་། 2020ལོ་ཁོ་ནར་ཁུལ་ཡོངས་ཀྱི་བཟའ་བྱའི་ཤ་མོའི་ཐོན་ཚད་ཏུན391ལ་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.19ལ་ཟིན་པ་རེད།

ཕྱིར་འདྲེན་ནས་འདུལ་གསོའི་བར་གྱི་འཕེལ་རྒྱས་མཉམ་གཏོང་གི་ཚན་ཞིབ་ལམ་བུ།

ལྕགས་ཟམ་རྫོང་ཐེན་པཱ་ཡུལ་ཤོག་ཧྲང་སུང་གྲོང་སྡེར་མཚོ་འཕགས་སྨི1900ཡོད་པའི་སར་ཆགས་ཡོད།

ཞོགས་པའི་ཆུ་ཚོད་དྲུག་པ་ཡོལ་རྗེས་བཟའ་བྱའི་ཤ་མོ་འདེབས་འཛུགས་དུད་ཚང་ཆེན་པོ་ལི་ཧྲོའུ་ཁྲེང་མལ་ནས་ལངས་ཏེ་བཟའ་བྱའི་ཤ་མོའི་རྟེན་གཞི་ལ་སྐོར་བ་གཉིས་བརྒྱག་རྒྱུ་གོམས་ལོབས་སུ་གྱུར་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། དར་མདོའི་ཀོ་ཤ་དང་མུ་ཟིའི་ཤ་མོ་ནི་དཀར་མཛེས་ཁུལ་གྱིས་ས་གནས་དེ་གའི་རང་བརྟེན་འདེམས་གསོ་བྱས་པའི་སོན་རྒྱུད་གསར་ཤོས་ཤིག་རེད། རི་སྐྱེས་ཀོ་ཤ་ལ་སྨན་སྤྱོད་ལུས་ཁམས་བདེ་སྲུང་གི་རིན་ཐང་ཆེན་པོ་ལྡན་པས་མཚོ་བོད་མཐོ་སྒང་གི་རྩ་ཆེའི་སྨན་བཞིའི་ཁྱད་ཆོས་ལྡན་པའི་རྒྱ་བོད་སྨན་རྩྭའི་གྲས་ཤིག་རེད།

2016ལོར་ཁུལ་ཞིང་ལས་ཚན་ཞིབ་ཁང་གིས་དུང་དཀར་ལུང་པའི་རི་སྐྱེས་ཀོ་ཤ་ལ་འདུལ་གསོ་བྱས་པ་བརྒྱུད་རྒྱལ་ནང་གི་བོད་ཀྱི་ཀོ་ཤའི་སོན་གསར་ཐོག་མ་སྟེ་དར་མདོའི་ཀོ་ཤ་འདེམས་གསོ་བྱས་པ་རེད།

ཁུལ་ཞིང་ལས་ཚན་ཞིབ་ཁང་གི་བཟའ་བྱའི་ཤ་མོ་ཞིབ་འཇུག་ཚོགས་ཆུང་གི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཁྲེན་ཁང་གིས་གསར་འགོད་པར་དར་མདོའི་ཀོ་ཤ་ལ་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་ཞིང་། ཤོག་བྱང་གསུམ་གྱི་ནང་དུ་འདུས་ཚད10.7g/100gལ་ཟིན་པ་དང་ཞིབ་བཤེར་བྱ་ཡུལ7ནང་དུ་མཐོ་ཤོས་ཡིན། དེ་ནི་བོད་ལྗོངས་ཀོ་ཤའི་ལྡབ་གཅིག(5.31g/100g)ཡིན་པ་དང་། མངར་ཆ་འདུས་ཚད་ཀྱང2.55g/100g ལ་ཟིན་པ་དང་།བོད་ཀྱི་ཀོ་ཤ་དང་ཀྲི་དམར་པོའི་དངོས་དཔེ་མང་ཆེ་བ་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་ཅེས་བཤད།

ད་སྔར་དར་མདོའི་ཀོ་ཤ་དཔེ་སྟོན་ཁྱབ་གདལ་གཏོང་བའི་འདེབས་འཛུགས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་དང་། ད་ལོ་རང་ཁུལ་གྱིས་གངས་དཀར་རི་བོའི་ཡུལ་སྐོར་ལམ་ཐིག་ལ་དམིགས་ཏེ་ས་ཚུགས10ལྷག་ཙམ་བཀོད་སྒྲིག་བྱས་ཡོད།

དེ་དང་ཆབས་ཅིག་ལི་ཧྲོའུ་ཁྲེང་གིས་འདེབས་འཛུགས་བྱས་པའི་མུ་ཟིའི་ཤ་མོ་ནི་དཀར་མཛེས་ཁུལ་ཞིང་ལས་ཚན་རིག་སུའོ་ཡིས་ཐོག་མར་འདུལ་གསོ་བྱས་པའི་རྩ་ཆེའི་རི་སྐྱེས་ཤ་མོའི་ཐོན་ཁུངས་ཤིག་རེད། ན་ནིང་ལྕགས་ཟམ་རྫོང་དུ་གཞི་ཁྱོན་ཆུང་བའི་ཚོད་ལྟ་འདེབས་འཛུགས་ལེགས་གྲུབ་བྱུང་རྗེས། ད་ལོར་ས་བབ་མི་འདྲ་བར་ཤ་མོ་ཐོན་པའི་གནས་ཚུལ་ལ་ཞིབ་འཇུག་བྱ་ཆེད། ཚོད་ལྟ་འདེབས་འཛུགས་ཀྱི་རྟེན་གཞི3ཇེ་མང་དུ་བཏང་ནས་གྲངས་འབོར་ཁུག་མ2000ལས་བརྒལ།

དཀར་མཛེས་ཁུལ་ནི་ཁྱད་ལྡན་བཟའ་བྱའི་ཤ་མོའི་ཐོན་ཁུངས་ཀྱི་གཞི་རྒྱུ་ཆེ་བའི་བང་མཛོད་ཡིན་པས་ས་གནས་དེ་གའི་རི་སྐྱེས་འདུལ་གསོ་རིན་ཐང་ཧ་ཅང་ཆེན་པོ་ཡོད། ཐང་མིང་ཞན་གྱིས་དར་མདོའི་ཀོ་ཤ་དང་མུ་ཟིའི་ཤ་མོ(ཤ་མོ་དམར་པོ)མིའི་ཐབས་ལ་བརྟེན་ནས་འདེབས་གསོ་བྱེད་པའི་ལག་རྩལ་ཚད་བརྒལ་བྱུང་བ་ཕུད།དཀར་མཛེས་ཁུལ་གྱིས་ས་གནས་དེ་གའི་ར་གྲོད་ཤ་མོ་དང་ཉག་ཆུ་ཁའི་ཤ་མོ་ནག་པོ་སོགས་རྩ་ཆེའི་རི་སྐྱེས་བཟའ་བྱའི་ཤ་མོ་འདེབས་གསོ་དང་ཁྱབ་གདལ་གཏང་རྒྱུ་གཙོ་བཟུང་བྱས་པར་མ་ཟད། སོན་རྒྱུའི་ཐོན་ཁུངས་མཛོད་ཆུང་བཙུགས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་སོན་བཟང་གསོག་འཇོག་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཤ་མོ་ཆུང་ཆུང་ནས་ཐོན་ལས་ཆེན་པོའི་བར་གྱི་མདུན་ལམ་ཆེ་ལྡན་གྱི་ཐོན་ལས་ལམ་བུ།

ཚན་རྩལ་གྱིས་ཐོན་ལས་དར་རྒྱས་བཏང་ནས་གངས་ལྗོངས་དཀར་མཛེས་ཁུལ་གྱི་རིགས་འདྲ་མིན་སྣ་ཚོགས་ཀྱི་ཤ་མོའི་ཐོན་ལས་གློ་བུར་དུ་དར།

ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གསར་སྤེལ་དང་སྲུང་སྐྱོང་མཉམ་འཛིན་གྱི་རྩ་དོན་གཞིར་བཟུང་ནས། ཁྲོམ་རས་ཁྲིད་སྟོན་དང་ཚན་རྩལ་སྒུལ་ཤུགས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བཟའ་བྱའི་ཤ་མོའི་ཐོན་ཁུངས་རྒྱུན་མཐུད་ངང་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་བཏང་ཡོད།

སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད། 《ར་གྲོད་ཤ་མོ་སོགས་ཀྱི་སྐྱེ་ཁམས་བཟའ་བྱའི་ཤ་མོ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《དཀར་མཛེས་ཁུལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྤྱི་ལེ་བརྒྱ་ཅན་གྱི་འབྱུང་འཕྲོད་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་ཇུས་གཞི》《དཀར་མཛེས་ཁུལ་གྱི་འཐབ་ཇུས་ཆེན་པོ་དྲུག་གི་ནོར་སྲིད་ཀྱིས་ཁ་གསབ་བྱེད་ཐབས།(ཚོད་ལྟའི་ལག་བསྟར)》སོགས་གཏན་འབེབས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་གྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་མིའི་ཐབས་ལ་བརྟེན་ནས་བཟའ་བྱའི་ཤ་མོའི་ཐོན་ལས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་བཏང་།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ད་སྔར་རང་ཁུལ་གྱིས་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2ལྷག་ཙམ་བཏང་ཡོད།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཚུགས་པའི་ལོ་ཡིན་ཞིང་། ཁུལ་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལེགས་ཆའི་ཐོན་ཁུངས་དེ་ལེགས་ཆའི་ཐོན་ལས་སུ་བསྒྱུར་བར་མ་ཟད་དཀར་མཛེས་ཁུལ་གྱིས《གནས་མཆོག་དཀར་མཛེས་ཀྱི་ཁྱད་ཆོས་བཟའ་བྱའི་ཤ་མོའི་ཐོན་ལས་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》བཟོས་པ་རེད།

འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་ནས་རང་ཁུལ་གྱིས་མཐོ་སྒང་གི་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་པ་དང་།དགེ་སྤེལ་སྐྱོན་སྤང་གིས་འཕེལ་རྒྱས་ལ་བརྟེན་ནས་མཐོ་སྒང་གི་ཁྱད་ཆོས་བཟའ་བྱའི་ཤ་མོའི་ཐོན་ལས་དར་རྒྱས་གཏོང་བ་དང་།ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་གོང་འཕར་ཡོང་རྒྱུ་དམིགས་ཡུལ་དུ་འཛིན་པར་སྐུལ་འདེད་དང་།ཤུགས་ཆེན་པོས་མཐོ་སྒང་གི་ར་གྲོད་ཤ་མོ་དང་ཁྱད་ཆོས་བོད་ཀྱི་ཀོ་ཤ་སོགས་མིའི་ཐབས་ལ་བརྟེན་པའི་བཟའ་བྱའི་ཤ་མོའི་ཐོན་ལས་འཛུགས་པ་དང་། གོམ་པ་བརྟན་པོས་མཐོ་སྒང་གི་རི་སྐྱེས་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཁྱད་ཆོས་མངོན་གསལ་ཡིན་པ་དང་། གྲུབ་ཆ་ལུགས་དང་མཐུན་པ། འབྲེལ་ཐག་ཆ་ཚང་བ་བཅས་ཀྱི་གནས་མཆོག་དཀར་མཛེས་ཀྱི་མཐོ་སྒང་གི་ཁྱད་ཆོས་བཟའ་བྱའི་ཤ་མོའི་ཐོན་ལས་ཀྱི་མ་ལག་ཅིག་ཆགས་པ་བྱ་དགོས།

གནམ་ལ་བལྟས་ནས་ལྟོ་ཆས་བཟའ་བའི་གཞན་དབང་གི་རྣམ་པ་བསྒྱུར་ནས་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་ཏུ་གྱུར་བའི་བར་རང་ཁུལ་གྱིས་ཤ་མོ་ཆུང་ཆུང་དེ་ཐོན་ལས་ཆེན་པོར་བསྒྱུར། ད་ལྟ་རང་བྱུང་ཤ་མོའི་བང་མཛོད་དེའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་སྔར་བཞིན་རྒྱ་ཆེར་དང་། མདུན་སྐྱོད་བཅས་བྱེད་བཞིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱས་ཏེ་མང་ཚོགས་ལ་ཕྱུག་འགྱུར་བྱེད་ཐབས་ཡོད་པར་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།