མེ་ཏོག་རྙེད་ཚུལ།

རི་སྤྱང་།        2021-09-13

དང་པོ་མེ་ཏོག་ཁྲོམ་ནས་རྙེད་བྱུང་།།

ཟིལ་བ་ཁྲོམ་མེར་མིག་ལམ་བཞད་དུས།།

བརྩེ་བའི་མར་ཁུ་གཡས་སུ་འཁྱིལ་ནས།།

འགྱུར་བ་མེད་པའི་གཡུང་དྲུང་དོད་བྱུང་།།

མེ་ཏོག་སྣ་བརྒྱ་སྤང་ལ་བཞད་ཀྱང་།།

སྙིང་གི་མེ་ཏོག་མིག་གི་རྒྱན་རེད།།

གཡུ་སྦྲང་བུང་བས་འཚང་ཀ་བརྒྱབ་ཀྱང་།།

ངས་ཁྱོད་རྟག་ཏུ་མིག་གིས་འཚོས་ཡོད།།

བྱེ་མའི་ཐང་གི་བདག་གི་མེ་ཏོག།

སད་དང་སེར་བས་བཅོམ་པ་མེད་ན།།

བདག་སེམས་དཀར་པོ་འོ་མ་དེ་ནི།།

རང་དབང་མེད་པར་ཁྱོད་ཕྱོགས་འཁོར་འདུག།

ཁྱོད་རང་ཆུ་འཛིན་དཀར་པོ་ལྟར་དུ།།

དལ་གྱིས་བསྐྱོད་ནས་གནས་འདིར་བསླེབ་ན།།

ནང་སེམས་གསེར་གྱི་ཨ་ལུང་སྦྲེལ་ནས།།

འགྱུར་མེད་དམ་བཅའི་དགུ་མདུད་བརྒྱབ་ཆོག།

ཞལ་འཛུམ་དུང་གི་ཟླ་བ་དཀར་པོ།།

ཡང་ཡང་མཐོང་ན་སུན་པ་མི་འདུག།

སྐོམ་པས་གདུང་བའི་བདག་གི་སྐྱོ་གདུང་།།

ལན་གཅིག་མཐོང་བས་གདུང་བ་སེལ་འགྲོ།



  • ལེ་ཚན་སྔོན་མ།: མེ་ཏོག་ལྟ་བུའི་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།