ཧྲེན་དབྱང་གིས་གཞི་རིམ་དགེ་རྒན་ལ་འཚམས་འདྲི་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-09-10

  

ཧྲེན་དབྱང་གིས་གཞི་རིམ་དགེ་རྒན་ལ་འཚམས་འདྲི་གནང་།

 ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བླ་ན་མེད་པའི་གུས་འདུད་ཞུས། 

    དགེ་རྒན་དུས་ཆེན་ཐེངས37པ་འཆར་ཉེར་ཡོད་པའི་སྐབས་སུ། སྤྱི་ཟླ9པའི་ཚེས9ཉིན་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་དང་བརྒྱད་ཟིལ་རྫོང་གི་སློབ་གྲྭ་ཁག་གཅིག་ཏུ་གཟིགས་ཞིབ་དང་དགེ་རྒན་ལ་འཚམས་འདྲི་གནང་བར་མ་ཟད།  ད་དུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། 

ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་དང་རྒྱ་ཆེའི་དགེ་རྒན། སློབ་གསོའི་ལས་སྒྲུབ་པ་བཅས་ཀྱིས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས།  ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ཡོན་པ་གསོ་སྐྱོང་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ཏན་ཏིག་འཁུར་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་དེ་བས་ཆེན་པོ་འཇོག་དགོས་ཞེས་གསུངས་པ་རེད། 

      ཧྲེན་དབྱང་དར་མདོ་གྲོང་ཁྱེར་ལྕགས་གད་ཡུལ་ཤོག་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་བརྒྱད་ཟིལ་རྫོང་གི་མཐོ་རིམ་སློབ་འབྲིང་དུ་སློབ་གྲྭར་ཕེབས་ཏེ་དགེ་རྒན་གྱི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་སློབ་གསོའི་སློབ་ཁྲིད་དང་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་འཇོག་གནང་བ་རེད། ཁོང་གིས་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན་པར་བརྟེན།  ཉེ་བའི་ལོ་འགར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་མགོ་ཁྲིད་དང་ཐུགས་ཁུར། རྒྱབ་སྐྱོར་གནང་འོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོ་སྔོན་དུ་འཕེལ་རྒྱས་གཏང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་སློབ་གསོ་དང་ལུས་རྩལ་ཁོངས་གཏོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་དང་དྲང་གཞག་ལ་དམིགས་ཏེ་ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་ཕྱིར། སློབ་ཁྲིད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སློབ་ཁྲིད་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་བློར་བབ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ།“ལྡུམ་རའི་བཟོ་པའི་སྙིང་སྟོབས”ཀྱི་གསོ་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དཀར་མཛེས་ཁུལ་གྱི་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་རྒྱུར་ཞབས་ཕྱི་སྒྲུབ་པ་དང་འདེགས་སྐྱོར་དེ་བས་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

     ཧྲེན་དབྱང་གིས་མི་དམངས་དགེ་རྒན་ནི་གཟི་བརྗིད་ལྡན་པ་དང་བླ་ན་མེད་པའི་ལས་རིགས་ཤིག་ཡིན་ཞིང་།  དེ་ལས་ཕྲུ་གུའི་ལས་དབང་དང་ཁྱིམ་ཚང་གི་རེ་བ། རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་བཅས་མཚོན་ཡོད།  མི་དམངས་ཀྱི་བློ་ལ་བབ་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་སློབ་གསོའི་བྱ་གཞག་གི་ཆབ་སྲིད་ཀྱི་ལས་འགན་དང་འཕེལ་རྒྱས་ཀྱི་འགན་འཁྲི། དམངས་འཚོའི་ངོ་བོ་བཅས་བློ་ལ་བརྟན་པོ་བཅངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་གྱི་སློབ་གསོའི་སློབ་ཁྲིད་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ།སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ནས་སློབ་གསོ་འདྲ་མཉམ་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་རེ་བ་གསར་པ་རྒྱུན་ཆད་མེད་པར་སྐོང་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།   

        བརྟག་ཞིབ་གནང་རིང་། ཧྲེན་དབྱང་གིས་ད་དུང་བརྒྱད་ཟིལ་རྫོང་ལུང་བཤིས་ལུང་པའི་རིམ་གྲས་གསུམ་པའི་ཆུ་གློག་ས་ཚུགས་དང་ཅིའུ་ལུང་ཧྲ་ཕིང་གློག་འདོན་ཁང་སོགས་སུ་ཕེབས་ཏེ་ཡུལ་དངོས་སུ་གློག་འདོན་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་ལྟ་ཞིབ་བྱས་ནས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།  ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་མཛུབ་ཁྲིད་བྱེད་པར་བློ་རྩ་བརྟན་པོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་དང་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གི་གྲུབ་འབྲས་མུ་མཐུད་ནས་བརྟན་དུ་གཏོང་བ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལ་རང་རྟོགས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། ལྟ་ཞིབ་ཚོགས་ཆུང་གིས་རྩིས་སྤྲོད་སྤྲད་པའི་གནད་དོན་ལ་དམིགས་ནས་རྣམ་གྲངས་རེ་རེ་བཞིན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་པ། བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་བཅོས་སྒྲིག་གི་ཕན་འབྲས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་དུ་ལེགས་སུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།།    


  • ལེ་ཚན་སྔོན་མ།:སློབ་གསོ་པ་ཞིག་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།