གཞི་རིམ་དགེ་རྒན་ཞིག་གི་སེམས་ཚོར་ཟིན་བྲིས།

ཆོས་བཞིན།        2021-09-10

གཞི་རིམ་དགེ་རྒན་ཞིག་གི་སེམས་ཚོར་ཟིན་བྲིས།

བོད་ཀྱི་སྐད་ཡིག་སློབ་ཁྲིད་འཕེལ་རྒྱས་གཏོང་ཐབས་ལ་དམིགས་ཏེ་སྤེལ་བའི་བྱེད་སྒོ་ཞིག་སྤེལ་གྱིན་པ་ཐོས་པས། བོད་སྐད་ཡིག་འཕེལ་རྒྱས་སུ་གཏང་རྒྱུ་དེ་ངེས་པར་དུ་གཞི་རིམ་ནས་རྐང་ཚུགས་ཤིང་མྱུ་གུ་འབུས་དགོས་པར་འདོད་པ་ཡིན། གང་ཡིན་ཟེར་ན། སྐད་ཡིག་གི་ཚེ་སྲོག་དེ་གཞི་རིམ་དུ་ལུས་ཡོད་ཅིང་།སྐད་ཡིག་གི་སྐྱེ་འཆིའི་ལས་དབང་ཡང་གཞི་རིམ་གྱི་ཤ་གསེང་རུས་གསེང་དུ་ཐིམ་ཡོད་པས་ཡིན།དེས་ན་གཞི་རིམ་གྱི་སྐད་ཡིག་དེ་ནར་སོན་དེ་སྐྱེས་སྟོབས་རྒྱས་པ་དང་། ལག་ཆགས་དེ་འཛམ་གླིང་ལ་ཕྱོགས་པ་སོགས་ཀྱི་ལམ་སྟོན་དང་སྣེ་ཁྲིད་པ་ནི། མིའི་ཡིད་ཤེས་ཀྱི་བཟོ་སྐྲུན་པ་སྟེ་སྐད་ཡིག་གང་ཡིན་པ་དེའི་ཁ་འོག་ལག་འོག་ནས་ནར་སོན་པའི་མ་བཅོས་པའི་དགེ་རྒན་དག་ལ་རག་ལས་ཡོད། དེའི་རྒྱུ་མཚན་གྱིས། ད་ཐེངས་ངས་གཅིག་ནས་གཞི་རིམ་བོད་ཀྱི་དགེ་རྒན་དག་གི་འགན་ཁུར་གྱི་འདུ་ཤེས་དང་། དགེ་རྒན་ལ་ཤས་ཀྱི་ཐོ་རེ་ལོང་ངེ་བར་གྱུར་ཡོད་པའི་བསམ་བློ་འགྱུར་བག་ཅན་དག་ལ་རང་ཉིད་སུ་ཡིན་ཤེས་དགོས་པའི་དོགས་པ་ཁོང་སློང་ཙམ་དུ། ཉམས་མྱོང་དང་ཤེས་པ་ཅི་ཡང་མེད་རུང་སྦལ་བ་ན་རུ་གནས་ཀྱང་བསམ་པ་གླིང་དཀར་སྟོད་ཅེས་པའི་དཔེ་བཞིན། བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་ཚུལ་དུ་ཤེས་ཚོད་དྲན་ཚོད་ཀྱི་ཁ་བརྡ་འགའ་བྱ་རྒྱུ་ཡིན།

དང་པོ། དགེ་རྒན་གྱིས་རང་ཉིད་ངོས་ཟིན་རྒྱུ།

སྤྱིར་དགེ་རྒན་ནི་སློབ་གྲྭ་ཞིག་གི་གྲུབ་ཆ་གཙོ་བོ་དེ་ཡིན་ཞིང་།སློབ་གྲྭ་ནི་སློབ་གསོའི་དམིགས་ཡུལ་འགྲུབ་ཆེད་དུ་བཙུགས་པ་ཡིན།དེས་ན་སློབ་གསོའི་དམིགས་ཡུལ་ནི་འགྲོ་བ་མིའི་བསམ་བློ་ཇེ་བཟང་ཇེ་ལེགས་སུ་གཏང་རྒྱུ་དེ་རེད། དེའི་རྒྱུ་མཚན་གྱིས།གཞི་རིམ་དགེ་རྒན་དག་གིས་རང་ཉིད་ལ་གཞན་དང་མི་འདྲ་བའི་འགན་ཁུར་དགོས་པའི་བྱ་ལས་གལ་ཆེན་ཞིག་ཡོད་པ་དང་།མིའི་བླ་མ་དང་མིའི་ཡིད་ཤེས་ཀྱི་བཟོ་སྐྲུན་པ་ཡིན་པའི་ཆེ་བ་ཤེས་དགོས་ཤིང་། སློབ་ཁྲིད་ཀྱི་བྱ་བ་འདི་གཞན་འཇིག་རྟེན་པའི་བྱ་བ་ལས་ཁྱད་དུ་འཕགས་པ་ཡིན་པ་སྟེ། ཇི་སྐད་དུ། སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས།།བཀང་སྟེ་གང་ལ་སྦྱིན་པ་བྱས་པ་ལས།།ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་བརྗོད་ན།། དེ་ཡི་ཕན་ཐོགས་དེ་ལྟར་འགྱུར་མ་ཡིན།།ཞེས་གསུངས་པ་ལྟར་བྱ་གཞག་སྤྱིར་བཏང་བ་ཞིག་མ་ཡིན་པའི་གནས་ལུགས་གོ་བར་བྱས་ཏེ། རང་ཉིད་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པར་མཛུབ་སྟོན་བྱེད་མཁན་གྱི་ལམ་སྟོན་པ་ཡིན་པའི་འགན་ཁུར་གྱི་བསམ་བློ་ལྡན་དགོས་པ་དེ་ཅིས་ཀྱང་ཤེས་པར་བྱ་འོས་པའི་གནས་སུ་འདུག་སྙམ།

གཉིས་པ། དགེ་རྒན་གྱི་བྱ་བ་ཡོད་ཚད་རང་ཉིད་ཀྱི་འོས་འགན་ཡིན།

༡ སྐལ་མེད་སར་སྐེ་མི་སྲིང་སྙམ་པ་ནི་རང་ཉིད་ཀྱིས་འགན་ཁུར་མི་འདོད་པའི་འཁྲུལ་ལྟ་ཞིག་རེད། དགེ་རྒན་ལ་ཤས་ཀྱིས་མི་རིགས་གཞན་པའི་དགེ་རྒན་ག་གེ་མོས་ལས་ཀ་འདི་དང་འདི་ལྟ་བུ་ལས་མི་སྒྲུབ་པ་དང་། སློབ་གྲྭའི་དབུ་ཁྲིད་ག་གེ་མོས་སློབ་གྲྭའི་བྱ་བར་འགན་དེ་དང་དེ་ཙམ་ལས་མི་ཁུར་བའི་གནས་ཚུལ་མིག་མཐོང་ལག་ཟིན་དུ་འབྱུང་གིན་ཡོད་པས། ང་ཚོས་ཀྱང་དེ་ལས་ལྷག་པར་དུ་བསྒྲུབ་དགོས་པའི་དོན་ཅི་ཡང་མེད་ཅེས་གཏམ་ཡན་འདྲ་མིན་སྣ་ཚོགས་ལབ་ཅིང་། དེ་བཞིན་དུ་འདོད་པའི་བསམ་ཚུལ་ནོར་འཁྲུལ་ཅན་ཡོད་པ་ནི་རང་གི་ནོར་འཁྲུལ་ལས་གཞན་ལ་ཁག་འགེལ་ཆོག་པའི་གོལ་ས་མ་ཡིན་པ་གསལ་པོར་ཤེས་དགོས་པར་འདོད། རྒྱུ་མཚན་ཅི་ཡིན་ཞེ་ན། ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་གཙོ་བོ་དེ་ནི་དགེ་རྒན་དང་དབུ་འཛིན་པ་དག་གིས་ལས་ཅི་ཞིག་ཐབས་ཅི་ལྟར་དུ་སྒྲུབ་མིན་དེ་མ་ཡིན་པར། རང་ཉིད་ཀྱི་མདུན་དུ་ལུས་ཡོད་པའི་མི་རིགས་ཀྱི་མ་འོངས་པ་རྣམས་ཇི་ལྟར་གསོ་སྐྱོང་ལེགས་པོ་ཞིག་བྱ་རྒྱུ་དེ་ཡིན་པས་སོ།།

༢ གཞི་རིམ་གྱི་ན་ཆུང་བྱིས་པ་དག་ནི་རང་ཉིད་ཀྱི་མ་འོངས་པ་ཡིན་པ་ལས་གཞན་སུ་ལའང་མི་གཏོགས་པའི་ཡང་དག་པའི་འདུ་ཤེས་བསྐྱར་འཛུགས་བྱ་དགོས། ང་ཚོ་གཞི་རིམ་གྱི་དགེ་རྒན་དག་ལ་ཡོད་པའི་དབང་ཆའམ་ཡང་ན་ཐོབ་བྱ་ཉག་གཅིག་པོ་དེ་ནི། རང་གི་ངོ་སྔུན་ན་མངོན་སུམ་གསོན་རྗེན་དུ་ཡོད་པའི་མི་རིགས་རང་གི་མ་འོངས་པའམ་རེ་བ་རུས་རྐང་དུ་ཐིམ་ཡོད་པའི་ན་ཆུང་བྱིས་པ་ཚོ་ཡིན་པས། དེ་དག་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་པར་བྱེད་པའམ་མེད་པར་གཏོང་བའི་ཡག་ཉེས་ཅན་གྱི་བྱ་བ་དེའི་འགན་འཁྲི་ཡོད་ཚད་ནི། ང་ཚོ་གཞི་རིམ་གྱི་དགེ་རྒན་རྣམས་ཀྱི་ལག་དྲོན་པོའི་ནང་དུ་ཡོད་པའི་གསེར་ནག་གི་ཐིགས་པ་རེ་རེ་ཡིན་ཞིང་། དེ་ཉིད་བསྲེགས་བཅད་བརྡར་གསུམ་བྱས་ཏེ་མཁོ་ངེས་ཀྱི་དངོས་པོར་སྐྲུན་མིན་ཡང་ང་ཚོའི་རང་ལག་ཏུ་ཡོད་པའི་དབང་ཆའམ།ཡང་གཅིག་བཤད་ན།རང་ལག་ཏུ་ཡོད་པའི་རིན་པོ་ཆེ་དེ་ནི་ནམ་ཡང་ཤོར་དུ་མི་རུང་བའི་རྩ་བའི་ཁེ་དབང་ཞིག་ཀྱང་རེད།དེ་བས་ང་ཚོས་འགན་ཁུར་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཐོག་ཏུ་བབ་པའི་བྱ་བར་ཞུགས་དགོས་པར་སེམས།

གསུམ་པ། ཆོད་སེམས་ཀྱིས་བཞེངས་སྐྲུན་བྱས་པའི་ལས་གནས་ནི་ནམ་ཡང་གྲུབ་འབྲས་ཡོད་པའི་བྱ་གཞག་ཡིན།

དེང་སང་གི་ན་གཞོན་གཞུང་གི་ལས་དོན་འཚོལ་བར་གཉེར་བ་མི་ཉུང་བ་ཞིག་གིས། ལས་གནས་གདམ་གསེས་ཀྱི་འགན་མི་ཁུར་བར་གང་དུ་རྒྱུགས་སྤྲོད་རྒྱུ་ཡོད་ན་དེར་བརྒྱུགས་ཏེ་ཤི་ལྕེབས་རོ་ལྕེབས་བྱེད་ཀྱིན་འདུག གནས་ཚུལ་དེས་ཅི་ཞིག་གསལ་བཤད་བྱེད་ཀྱིན་ཡོད་པ་རེད་ཅེ་ན། མི་བུ་དེས་རང་གི་ལྟོ་རྒྱབ་ཁོ་ན་ཙམ་ལས་རང་ཉིད་ཀྱི་ལས་དོན་དང་། གཞན་སུ་ལའང་སེམས་ཁུར་བྱེད་ཀྱིན་མེད་པ་ཞིབ་འགྲེལ་བྱས་པ་རེད།ཞིབ་འགྲེལ་བྱས་པའི་གནད་དོན་དེ་སེམས་ཐག་རྦད་བཅད་ཀྱིས་གདམ་གསེས་མ་བྱས་པའི་ལས་དོན་ཞིག་གི་གཏིང་ཟབ་ས་ནས་རྔུལ་ཆུ་བཞིན་དོར་ནས་ཡོང་བ་ཡིན་ལ།ཕུགས་དོག་ས་ནས་སྙིགས་རོ་ལྟར་དག་སེལ་བྱས་པ་ལས་ཐོན་པའི་ངན་མཚང་རེད། དེ་བས། ང་ཚོས་བསམ་བློ་ཞིབ་ཚགས་བཏང་ནས་ལས་གནས་གང་ཞིག་འདེམས་དགོས་པ་དང་།གདམ་ཐོན་བྱུང་བའི་ལས་དེར་དོགས་པ་དང་ཐེ་ཚོམ་ཅི་ཡང་མེད་པར་ཧུར་ཐག་གིས་ཞུགས་དགོས་པ་ལས། སྔ་དྲོ་ཤྭ་ཡིན་གྱིས་མགོར་རྩྭ་ཐུར་འཛེར་བ་དང་། ཕྱི་དྲོར་རྒོ་ཡིན་གྱིས་འཕོང་ལ་རྩམ་སྐྱ་མི་བསྒོ་བར་བློ་རྩེ་གཅིག་དང་ལུས་བརྟན་བརླིང་གིས་ལས་གནས་སྲུང་འཛིན་བྱ་རྒྱུ་ནི་རང་གི་བྱ་བ་ལ་འགན་ཁུར་ཏན་ཏིག་བྱས་པའི་གལ་ཆེན་ནང་གི་དོན་ཆེན་ཡིན་པར་སེམས་ཏེ། དེ་ཡང་ཞིབ་ཏུ་བཤད་ན། བློ་མཐུན་ཨེན་སི་ནན་ལགས་ཀྱིས།མི་ཞིག་གི་རིན་ཐང་ནི་དེས་ཅི་ཞིག་སྐྱེས་འབུལ་བྱེད་པར་ལྟ་དགོས་པ་ལས་དེར་ཅི་ཞིག་ཐོབ་སོང་བར་བལྟ་རྒྱུ་དེ་མིན་ཞེས་གསུངས་པས།བྱ་གཞག་ཅིག་ཡུན་རིང་གིས་བསྒྲུབས་ནས།དེ་ལས་ཐོབ་པའི་གྲུབ་འབྲས་དེ་དག་མི་རིགས་དང་སྤྱི་ཚོགས་ལ་དབུལ་བར་བྱ་རྒྱུ་དེ་རེད་སྙམ།

བཞི་བ། དོགས་སྣང་གིས་རང་ཉིད་སྲོག་མེད་དུ་བྱེད།

མ་གཞིར་མི་རྣམས་ཀྱིས་བྱ་དངོས་གང་ཡིན་པ་དེ་ལ་གསང་བའི་འདུ་ཤེས་དང་།གསར་བའི་འདུ་ཤེས།ཐོབ་འདོད་ཀྱི་འདུ་ཤེས་སོགས་ཚོར་ཤེས་སྣ་ཚོགས་ཤིག་གིས་ངན་ལངས་སུ་བཏང་སྟེ།ང་ཚོ་སྐྱིད་པོར་འདུག་གི་གཏན་ནས་འཇུག་གི་མེད།དེའི་རྒྱུ་མཚན་གྱིས། གཞི་རིམ་དགེ་རྒན་གང་མང་ཞིག་རླུང་གིས་བཏེགས་ནས་རང་གི་ལས་གནས་འདི་མི་ལེགས་པ་དང་། འདིས་རང་ལ་དངོས་ཤུགས་གང་རུང་ནས་གྱོང་གུན་ཐེབས་པར་འདོད་པ།ལས་གནས་གཞན་དག་ལ་སྔར་ཡོད་ཀྱི་དགེ་རྒན་གྱི་ལས་གནས་ལས་ལྷག་པའི་དགེ་མཚན་ཡོད་པ་སོགས་འདང་ལོག་དང་སྐོར་ལོག་གི་བསམ་བློ་ཅི་རིགས་ཤིག་སྐྱེས་ཏེ།ལས་གནས་གང་ཡིན་པ་དེའི་དགེ་སྐྱོན་དང་ཕན་གནོད། ངོ་བོ་དང་མཇུག་འབྲས། མི་ཚེ་དང་དུས་ཚོད་ཀྱི་རིན་ཐང་སོགས་ལ་ཡེ་མི་ལྟ་བར། སེམས་ལ་རླུང་ལངས་ཤིང་མགོ་ལ་འུར་ལངས་ནས་གཞན་གྱིས་བཤད་ཡམས་ཀྱི་རྗེས་སུ་རྒྱུག་ཅིང་བྱ་བ་ནན་ཏན་དུ་མི་སྒྲུབ་པ་དེས། གོ་ན་ཡོད་དུས་གནས་སྐྱིད་དང་།གནས་ན་ཡོད་དུས་གོ་སྐྱིད་པར་འདོད་པའི་འགྱུར་བའི་སྡུག་བསྔལ་ཞིག་གི་སྣ་འདྲེན་དུ་མི་འགྱུར་རམ་སྙམ་གྱིན་ཡོད་པས་ཅེས་ཀྱང་བརྟག་པར་རིགས་སོ་སྙམ།ཡང་གཅིག་བཤད་ན།ལས་གནས་གང་ཞིག་གི་སྟེང་ནས་ལས་ཀ་སྒྲུབ་མཁན་གྱི་གང་ཟག་སུ་འདྲ་བ་ཞིག་ཡིན་རུང་།ལ་ལ་ཞིག་ལ་རྒྱལ་ཁའི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ཐོབ་མྱངས་བ་དང་ལ་ཤས་ཤིག་ལ་ཐོབ་བྱ་ཅི་ཡང་མེད་པར་རྒྱ་ཡན་དུ་འཁྱམས་ཏེ་ཡོད་པས། ང་ཚོས་མཇུག་འབྲས་དཔག་པར་དཀའ་བའི་བྱ་བ་ཅི་རིགས་པར་ཤི་འཐམ་རོ་འཐམ་མི་བྱེད་པར་མདུན་ཐད་དུ་ཡོད་པའི་ལས་གནས་དེར་ཨུ་ཚུགས་ཀྱིས་འབད་འབུངས་བྱས་ན། ནམ་ཞིག་གཞན་སུ་ལས་ཀྱང་རྒྱལ་བར་ངེས་པའི་ཐོབ་བྱ་མི་རྙེད་ནའང་རང་ཚོད་ཀྱི་གྲུབ་འབྲས་མི་དམན་པ་རེ་ནི་ངེས་པར་དུ་ཐོབ་རྒྱུ་ལོས་ཡོད་དེ།གང་ལ་འབད་ན་དེ་ལ་མཁས། རྫི་བོ་འུར་རྡོ་འཕེན་ལ་མཁས་ཞེས་རླུང་ལྟར་གྲགས་ཡོད་པ་མ་ཡིན་ནམ། དེ་བཞིན་གུང་ཐང་བསྟན་པའི་སྒྲོན་མེ་ལགས་ཀྱིས་ཀྱང་། སྐྱོན་ཡོན་བླང་དོར་རང་གིས་མི་འབྱེད་པར།། གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང་།། ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ།། ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས།། བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང་།། ཞེས་གསུངས་པ་རེད། དེ་བས་ཐེ་ཚོམ་དང་དོགས་པ། ཡི་ཆད་རྐྱང་རྐྱང་གིས་དགེ་རྒན་གྱི་ལས་གནས་སུ་ཞུགས་ཙམ་པོ་བ་མི་བྱེད་པར། ཧུར་ཐག་འབད་ཐག་གིས་ཡ་རབས་ཚུལ་ལྡན་གྱི་གཞི་རིམ་དགེ་རྒན་ཞིག་བྱོས་དང་།ང་ཚོ་ལ་སུ་ལས་ཀྱང་མི་དམན་པའི་གྲུབ་འབྲས་ཡ་མཚར་ཞིག་ཐོབ་པར་ཐེ་ཚོམ་ཅི་ཡང་མི་དགོས་པར་སྣང་། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོར་རྒྱུ་རྐྱེན་སྣ་ཚོགས་པར་བརྟེན་ནས་རང་ཉིད་འཁོས་ཆུང་བ་དང་། ཉམས་དམའ་བའི་སྣང་བ་ཅི་རིགས་ཤིག་སྐྱེས་སྲིད་ཀྱང་། ཤི་མདའ་ཁོག་ཏུ་འཇུག་ཅིང་རྨ་ཁ་ཚིལ་གྱིས་གསུར་ཐུབ་པའི་སྤོབས་པ་དང་སྙིང་སྟོབས་ཆེན་པོ་བསྐྱེད་དེ།རང་ཉིད་རང་ས་ནས་ཧུར་ཐག་གིས་ཡར་ལངས་ཐུབ་པའི་ཤེས་ཆེན་ཤོང་ཡངས་ཀྱི་སྐྱེ་ཆེན་ཞིག་ཡིན་དགོས་པ་རེད།ལྷག་པར་དུ་གཞི་རིམ་སློབ་གྲྭའི་དབུ་འཛིན་པ་དག་གིས་ཀྱང་གོང་རིམ་གྱི་ངོ་སོ་རྐྱང་རྐྱང་ལ་བལྟས་ཏེ། རྣམ་པ་གཙིགས་ཆེན་དང་སྤུས་ཀ་གལ་ཆུང་དུ་མི་བྱེད་པར་རང་དང་རྐང་འགྲོགས་ལག་གཤིབས་ཀྱི་དགེ་རྒན་དཀྱུས་མ་དག་ལ་དཔུང་རྡང་སྦྲེལ་ནས་དཔལ་ཡོན་ལྡན་པའི་མི་རིགས་ཀྱི་མདུན་ལྗོངས་ཤིག་འཚོལ་སྙེག་བྱེད་འོས་པར་སྙམ།ཅི་ཡིན་ཞེ་ན།སློབ་གཙོ་ནི་སློབ་གྲྭའི་དབུ་ཁྲིད་པ་དང་འཐུས་ཚབ་པ། བཟང་ངན་ལེགས་ཉེས་ཀྱི་ལམ་སྟོན་མཁན་ཡིན་པས་ངེས་པར་དུ་མི་རིགས་སློབ་གསོའི་བྱ་བའི་སྐོར་ལ་ཐུགས་ཁུར་ཟབ་བཞེས་དགོས་ལ། སློབ་གསོའི་སྡེ་ཁག་སོ་སོས་ཀྱང་སློབ་གྲྭ་དང་སློབ་གསོ་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་པ་ཡོད་དགུ་རྩལ་དུ་སྤྲུགས་དགོས་པར་འདོད་དོ།།

ལྔ་པ། རང་ཉིད་དང་དགེ་རྒན་གྱི་ལས་གནས།

ང་ཚོ་དགེ་རྒན་ཡིན་ལ། དགེ་རྒན་གྱི་ལས་གནས་དེ་ང་ཚོ་རང་ཉིད་ཀྱི་ཡིན་པས། ཁ་སྟོང་བས་ཨ་རྒྱ་ལོ་ལོ་དང་ལག་སྟོང་བས་ཕྱག་རྒྱ་མཛུག་མཛུག་བྱས་ཏེ་ཉི་མ་སྟོང་ཟད་དང་མི་ཚེ་འཕྲོ་བརླག་བྱེད་པ་ལས་རང་ཉིད་ཀྱི་ལས་གནས་ལ་རང་ཉིད་ཀྱིས་འགན་ཁུར་ཡོད་པ་དང་། མ་བཅོས་པའི་བསམ་བློ་སྔོན་དུ་སོང་ནས་ལས་གནས་བརྟན་སྲུང་ཐུབ་པའི་སེམས་ཐག་རྦད་གཅོད་བྱེད་པའི་དམིགས་ཡུལ་གཏན་ཁེལ་

བྱ་དགོས་པ་རེད་མ་གཏོགས།རང་ལ་ཐོབ་ཡོད་པའི་ལས་གནས་འདི་བཟང་ངན་གང་ཡིན་གྱི་དོགས་པ་དང་ཐེ་ཚོམ་གྱིས་བཅངས་ཏེ་བདེ་སྐྱིད་དང་གྲུབ་འབྲས་སོགས་གཞན་ནས་ལེན་པར་འདོད་པ་ནི་ཕ་མི་ཤེས་ཨ་མྱེའི་ལོ་རྒྱུས་དང་ཤི་མ་མྱོང་དམྱལ་བའི་ཆགས་ཚུལ་བཤད་པ་མ་ཡིན་ནམ་བསམ་གྱིན་ཡོད་ཅིང་། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་།བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།།རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།།ཞེས་གསུངས་ཡོད་པས་སེམས་ལྷོད་པོ་དང་ཡིད་བརྟན་པོས་གཞན་གྱི་ཟེར་རྗེས་སུ་མི་འབྲང་བར་རང་འགན་གྱི་བྱ་བ་ཡང་དག་གིས་བསྒྲུབ་དགོས་པ་མ་རེད་དམ།དེ་བས།སློབ་མ་དངོས་དང་འབྲེལ་འདྲིས་ཆེ་བའི་གཞི་རིམ་གྱི་དགེ་རྒན་དཀྱུས་མ་དང་དེ་དག་གི་དབུ་འཛིན་པ་དག་གིས་མི་རིགས་ཀྱི་མ་འོངས་པ་རྣམས་ལ། མི་རིགས་རང་གི་སྐད་ཡིག་སོགས་རིག་གནས་ཀྱི་རིན་ཐང་ཤེས་བར་བྱེད་དགོས་པ་རེད།

དྲུག་པ། མཉམ་བགྲོད་ལམ་བུའི་རིན་ཐང་ཤེས་པའི་དགེ་མཚན་གྱིས་མཇུག་བསྡུ་བ།

སྤྱིར་མི་རིགས་སོ་སོར་སློབ་གསོའི་དམིགས་ཡུལ་དང་ཁ་ཕྱོགས་སྣ་ཚོགས་ཤིག་ཡོད་ངེས་ན་ཡང་། རང་རེ་བོད་ལ་མཚོན་ན་རང་གི་རིག་གནས་ཀྱི་གཞི་རྐང་ཡང་དག་པ་ཞིག་ཚུགས་པར་བྱེད་པའི་རྨང་གཞིའི་སྟེང་། གཞན་པའི་ཤེས་བྱ་སློབ་གཉེར་བྱ་རྒྱུ་དེ་བོད་ཀྱི་སློབ་གསོའི་ཁ་ཕྱོགས་ཡིན་སྲིད་ལ་འཛམ་གླིང་གི་མི་རིགས་ཕལ་ཆེ་བའི་སློབ་གསོའི་དམིགས་ཡུལ་ཡང་རེད། དེས་ན་ང་ཚོས་རྒྱུ་ཤུགས་དང་མི་ཤུགས་ཅི་ཙམ་བཀོལ་དགོས་རུང་བསམ་བློའི་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ལས་ཁ་ཐོར་མི་བྱ་བར་སྣ་མང་གི་རིག་གནས་སྦྱངས་ཏེ་འདུན་པ་གཅིག་ཏུ་གཏོད་པར་བྱ་དགོས་པ་མ་ཡིན་ནམ་བསམ་གྱིན་ཡོད།

ད་ནི་ཚིག་བརྒྱ་སྟོང་བཤད་པའི་མདོ་རྩ།སྒའི་ལྷུ་བཞི་སྡོམ་པའི་རྒྱུན་ཐག་སྟེ།ལྕེ་ཡི་ཕུ་རྩ་ཚིག་གི་མདོ་རྩ་དོན་ཐོག་ཏུ་དབབ་ནས་བཤད་ན། ང་ཚོས་རང་ཉིད་དགེ་རྒན་ཡིན་པའི་ངོས་ཟིན་སྔོན་དུ་སོང་ནས། ཐེ་ཚོམ་ཅི་ཡང་མེད་པར་དགེ་རྒན་བྱེད་པའི་འགན་ཁུར་གྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ།མིའི་རིགས་ལ་བསམ་བློའི་སློབ་སྟོན་ཐུབ་པའི་བྱ་བར་ངོས་ཟིན་ཡོད་པའི་སྒོ་ནས་མ་འོངས་འབྱུང་འགྱུར་གྱི་བདེ་སྐྱིད་དང་ཕུགས་འདུན་ལ་སྣེ་ཁྲིད་ཐུབ་པའི་གཟི་བརྗིད་ལྡན་པའི་མི་རིགས་ཀྱི་དཔའ་བོ་ཞིག་བྱེད་ཐུབ་པར་འབད་པ་བྱེད་དགོས་པར་མ་ཟད། ང་ཚོ་གཞི་རིམ་གྱི་དགེ་རྒན་དག་གིས་ནི། ཀུན་གྱིས་ཤོད་ཀྱིན་པའི་ཁོར་ཡུག་གཉིད་ལས་དཀྲོགས་ཐུབ་པའི་ཅོང་བརྡ་དང་། རང་ཉིད་བཤམས་སྟོན་བྱེད་ཕོད་པའི་ཁོག་རྒྱ་ཅན།དུས་རབས་ཀྱི་མགྲིན་ཚབ་པ་ཆོག་པའི་མིའི་རིགས་ཀྱི་སྣེ་ཁྲིད་པ་བྱ་དགོས་པ་ནི་རང་རེ་ཀུན་གྱི་འགན་ཁུར་དང་།དོགས་སྣང་སྐྱེས་མི་དགོས་པར་གཅེས་སུ་འོས་པའི་འགན་འཁྲི་གཅིག་པུ་དེ་ཡིན་པས། རང་རེ་ཚོས་ཁ་བཤད་དང་ལག་ལེན་དོ་མཉམ་པའི་ངང་ནས་རང་གི་ལོ་རྒྱུས་དང་འདས་སོང་གི་གནས་ཚུལ་དངོས་ལ་ཞིབ་ཏུ་བསམ་བློ་བཏང་ནས་རང་ཉིད་དེ་མི་རིགས་གང་གི་ཡིན་པ་ངོས་ཟིན་པར་བྱེད་པ་དང་།ཡབ་མེས་རྣམས་ཀྱིས་ཤུལ་དུ་བཞག་ཡོད་པའི་རིན་ཐང་གཞལ་དུ་མེད་པའི་སྐད་དང་ཡི་གེ་སོགས་རིག་གནས་རྣམས་ལ་འབད་པས་སྦྱངས་ཏེ།མི་རིགས་དང་རིག་གནས། ཕ་ཡུལ་བཅས་ཀྱི་ཆེད་དུ་འབད་འབུངས་བྱ་རྒྱུ་ནི་རང་རེ་ཀུན་གྱི་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་པོ་དེ་ཡིན་པར་འདོད་པས་རྣམ་པ་ཚོས་བླང་དོར་ཚུལ་བཞིན་དུ་བྱེད་པར་རེ་བ་ཞུས་པ་ལགས་སོ།།



  • ལེ་ཚན་སྔོན་མ།:སློབ་མགོ་བཙུགས་དུས་སེམས་ལ་ངེས་དགོས་པའི་ཉེན་མེད་ཤེས་བྱ་འགའ།
  • ལེ་ཚན་རྗེས་མ།:ཁྲིད་ཤེས་དང་མི་ཤེས་པའི་དགེ་རྒན་གྱི་རྣམ་དབྱེ་སོ་གཉིས་མ་བཞུགས་སོ།།
  • དོ་སྣང་ཆེ་བའི་རྩོམ།