བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན།

ས་ཡུལ་ཁྲོ་བོ་རྒྱལ་མཚན།        2018-11-23

[གནད་བཏུས] རྩོམ་འདིར་བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་གནད་དོན་ཏེ། ཕ་སྐད་ཀྱི་བསམ་གཞིག་གཏན་ཚིགས་དང་སྐད་བརྡ་ཨང་གཉིས་པ་འཇུག་པའི་བར་གྱི་འབྲེལ་བ་གསལ་པོར་བྱེད་དགོས་པ་དང་གཅིགསྐད་བརྡ་སྦྱོང་བརྡར་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་གཉིས་ཀྱི་འབྲེལ་བ་གསལ་པོར་བྱེད་དགོས་པ་དང་གཉིས། སློབ་སྔོན་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་བར་གྱི་འབྲེལ་བ་གསལ་པོར་བྱེད་དགོས་པ་དང་གསུམ། ཁྱིམ་གྱི་སློབ་གསོ་དང་བྱིས་པ་ཁང་གི་སློབ་གསོའི་བར་གྱི་འབྲེལ་བ་གསལ་པོར་བྱེད་དགོས་པ་དང་བཞི་བཅས་ཀྱི་སྒོ་ནས་གླེང་ཡོད།

[གནད་ཚིག] བོད་ཁུལ་གྱི་སློབ་སྔོན་སློབ་གསོ། གསལ་པོར་བྱེད་དགོས་པ། ཚན་རིག་དང་མཐུན་པ།


བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན།

    ང་ཚོས་བྱིས་པའི་བསམ་གཞིག སྐད་བརྡ། རིག་སྟོབས་ཀྱི་བྱུང་བ་དང་འཚར་ལོངས། འཕེལ་རྒྱས་བཅས་ཀྱི་ཚན་རིག་གི་ཆོས་ཉིད་དང་གསར་དར་གཞུང་ལུགས་ཀྱི་དགོངས་དོན་གཞིར་བཟུང་ནས། བོད་ཁུལ་གྱི་སློབ་སྔོན་སློབ་གསོའི་གནད་དོན་ལ་བསམ་བློ་གཏོང་བ་དང་ཞིབ་འཇུག་བྱེད་པ། ཇུས་ཐག་གཅོད་པ་ནི་ཧ་ཅང་དུས་ཐོག་དང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་རེད།

    དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་སྔོན་སློབ་གསོ་ནི་བོད་ཁུལ་དུ་གོམ་པ་ཐོག་མར་སྤོ་མགོ་བརྩམས་པའི་དུས་ཡིན། མིག་སྔར་གྱི་གནས་ཚུལ་ལ་མཚོན་ན། བོད་ཁུལ་གྱི་སློབ་སྔོན་སློབ་གསོ་དང་འཚམ་པའི་དགེ་རྒན་གསོ་སྦྱོང་གི་མ་ལག་ད་དུང་ཚུགས་མེད་པ་དང་། སློབ་གཞིའང་ད་དུང་འཛུགས་སྐྲུན་བྱས་མེད།

    བོད་ཁུལ་གྱི་སློབ་སྔོན་སློབ་གསོ་ད་དུང་ཐོག་མའི་དུས་རིམ་དུ་ཡོད་པ་ཡིན་ན། མགོ་ལེགས་པོ་ཞིག་འཛུགས་དགོས་པས། འདི་ལ་རྗེས་དཔག་གིས་བསམ་བློ་གཏོང་དགོས་པར་མ་ཟད། ངེས་པར་དུ་གོང་ནས་བརྗོད་པའི་གནད་དོན་དག་ལ་ལན་གདབ་དགོས། དེའི་ཕྱིར། བོད་ཁུལ་གྱི་སློབ་སྔོན་སློབ་གསོ་མགོ་ཚུགས་མ་ཐག་པ་ནས་བཟུང་སྟེ་བདེ་ཐང་དང་ཚན་རིག  རྗེས་དཔག་བཅས་ཀྱི་བགྲོད་ལམ་དུ་བསྐྱོད་ན་ངེས་པར་དུ་གཤམ་གསལ་གྱི་འབྲེལ་བའི་གནད་དོན་འགའ་གསལ་པོར་ངེས་དགོས་པར་སྙམ།


བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན།

གཅིག ཕ་སྐད་ཀྱི་བསམ་གཞིག་གཏན་ཚིགས་དང་སྐད་བརྡ་ཨང་གཉིས་པ་འཇུག་པའི་བར་གྱི་འབྲེལ་བ་གསལ་པོར་བྱེད་དགོས་པ།

    ང་ཚོས་སེམས་ཁམས་རིག་པ་བ་དང་སློབ་གསོ་རིག་པ་བ་དག་གིས་ཞིབ་འཇུག་བྱས་པའི་འབྲས་བུ་གཞིར་བཟུང་སྟེ་བྱིས་པའི་བསམ་གཞིག་གི་གཏན་ཚིགས་བྱུང་བ་དང་འཕེལ་རྒྱས་ཀྱི་འཕེལ་རིམ་དང་ཆོས་ཉིད་ལ་རིགས་པས་སྒྲུབ་པ་ལྟར། བོད་ཁུལ་གྱི་ཕྲུ་གུ་རྣམས་ཕ་མ་མངལ་སྦྲུམ་རྗེས་སྐྱེ་རྩའི་རྒྱུད་ལས་རྒྱུད་འཛིན་བྱས་ནས་ཐོབ་པའི་འདུ་ཤེས་དང་བསམ་གཞིག  སྐད་བརྡ། རིག་སྟོབས་འཕེལ་རྒྱས་བཅས་ཀྱི་རྒྱུད་རྒྱུ་དང་མངལ་གནས་སློབ་གསོ། ཕྲུ་གུ་བཙས་རྗེས་ཀྱི་ཁོར་ཡུག་ཆེན་པོ་ལྔའི་བྱེད་ནུས་བཅས་ཚང་མར་བོད་ཀྱི་རིག་གནས་སྐྱེ་ཁམས་ཀྱིས་ཕྱོགས་ཡོངས་ནས་ནུས་པ་ཐེབས་པ་ལས་བྱུང་བའི་འབྲས་བུ་ཤ་སྟག་ཡིན། དེའི་ཕྱིར། བོད་རིགས་བྱིས་པས་ཕ་སྐད་ལ་བརྟེན་ནས་བསམ་གཞིག་གི་གཏན་ཚིགས་གྲུབ་པ་དང་འཕེལ་རྒྱས་སུ་འགྲོ་བ་དང། ཕ་སྐད་དེ་འདུ་ཤེས་ཀྱི་གཞི་རྟེན་དང་། རིག་སྟོབས་འཕེལ་རྒྱས་ཀྱི་ཐེམ་སྐས་སུ་བྱེད་པ། ཕ་སྐད་ལ་བརྟེན་ནས་བརྩེ་དུང་དང་འདོད་བློ་སོགས་མཚོན་པར་བྱེད་པའི་རྒྱུན་སྲོལ་འཕེལ་རྒྱས་ཀྱི་གོ་རིམ་ནང་། སྐད་བརྡ་ཨང་གཉིས་པ་ནི་དུས་ནམ་ཞིག་བྱིས་པའི་སྐད་བརྡའམ་བསམ་གཞིག་འཕེལ་རྒྱས་ཀྱི་འཕེལ་རིམ་དུ་འཇུག་པ་འདི་ནི་ཞིབ་དཔྱད་གནང་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། ཧ་ཅང་གཟབ་ནན་བྱེད་འོས་པའི་གནད་དོན་ཞིག་ཀྱང་ཡིན། ཕྲུ་གུ་ཞིག་ཕ་སྐད་ལ་བརྟེན་ནས་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་ཆགས་སྐབས། སྔོན་འགྲོའི་རྒྱུ་རྐྱེན་གང་ཡང་མེད་པའི་རྒྱུས་མེད་ཀྱི་སྐད་བརྡ་ཞིག་བསྣན་ན། སྐབས་འདིར། ཕ་སྐད་ལ་བརྟེན་ནས་རིམ་བཞིན་ཆགས་པའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་ལ་མི་གནོད་པ་དང་། དུས་མཚུངས་སུ་སྐད་རིགས་གསར་པའི་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་ཞིག་ཀྱང་གསར་འཛུགས་ཐུབ་པ་སྟེ། དེ་གཉིས་ཕན་ཚུན་མགོ་མི་རྙོག་པར་བྱེད་པ་འདི་ནི་ང་ཚོ་མི་དར་མ་རྣམས་ཀྱིས་ཀྱང་མི་ནུས་ན། ཕྲུ་གུ་ཞིག་གིས་ལྟ་ཅི་སྨོས། ལན་ཐོབས་དང་། ཁྱེད་ཚོས་ནུས་སམ། ཁྱད་པར་དུ“སློབ་སྔོན་སྐད་གཉིས་སློབ་གསོ”སྤེལ་བར་འདོད་མཁན་དག་ཁྱེད་ཚོས་ནུས་སམ། གལ་ཏེ་ཁྱེད་ཀྱིས་དབྱིན་ཡིག་བསླབས་པ་ཧ་ཅང་བཟང་བ་ཡིན་ན། འོ་ན་ཁྱེད་ཀྱི་དབྱིན་ཡིག་གི་བསམ་གཞིག་གཏན་ཚིགས་དང་རྒྱ་ཡིག་གི་བསམ་གཞིག་གཏན་ཚིགས་གཉིས་ཀྱི་ཆུ་ཚད་གཅིག་མཚུངས་ཡིན་ནམ། གལ་ཏེ་གཅིག་མཚུངས་མིན་ན། འོ་ན་ཁྱེད་ལ་དབྱིན་ཡིག་ལ་བརྟེན་ནས་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་འཐུས་ཚང་ཞིག་ཆགས་པ་ཡིན་ནམ། ཡང་ན་རྒྱ་སྐད་ལ་བརྟེན་ནས་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་འཐུས་ཚང་ཞིག་ཆགས་པ་ཡིན་ཞེས་ཀྱང་འདྲིའོ།།

   བདེན་པ་ཡིན་ཏེ། བྱིས་པ་འཕེལ་རྒྱས་ཀྱི་སེམས་ཁམས་རིག་པའི་ཞིབ་འཇུག་གང་མང་ཞིག་གིས་ཕྲུ་གུ་ལོ1ནས་ལོ3བར་དུ་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་དང་རིག་སྟོབས་འཕེལ་རྒྱས་ཧ་ཅང་མགྱོགས་པའི་དུས་ཡིན་ཞེས་བརྗོད་ཡོད་མོད། འོན་ཀྱང་དེ་ནི་གློ་བུར་དུ་གནམ་ནས་ལྷུང་བ་ཞིག་མ་ཡིན་ཞིང་། ཕ་མས་བཙན་ཐབས་ཀྱིས་བླུགས་པ་ཞིག་ཀྱང་མ་ཡིན་པར། དེ་ནི་ཕྲུ་གུ་རང་སྟེང་གི་ནང་གནས་ཀྱི་རྒྱུད་རྒྱུ་སྟེ་སྐྱེ་དངོས་ཀྱི་ལུས་ཁམས་འཕེལ་རྒྱས་ཀྱི་རྐྱེན་གྲངས་དང་བསམ་བློ་འཕེལ་རྒྱས་ཀྱི་རྐྱེན་གྲངས་གཉིས་མཉམ་དུ་བྱུང་བ་དང་འཚར་ལོངས་འབྱུང་བ། འཕེལ་རྒྱས་སུ་སོང་བ་བཅས་ཀྱི་འབྲས་བུ་ཡིན། གལ་ཏེ་སྔོན་འགྲོའི་རྐྱེན་གྲངས་འདི་ཁས་མི་ལེན་པར་འོལ་ཚོད་ཀྱིས་ལོ1ནས་ལོ3བར་གྱི་བྱིས་པའི་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་ཧ་ཅང་མགྱོགས་པར་སྙམ་ནས། བྱིས་པ་རང་སྟེང་ལ་སྔོན་འགྲོའི་རྐྱེན་གྲངས་འདི་དག་མི་འཛོམ་བཞིན་དུ་རྒྱུས་མེད་ཀྱི་སྐད་བརྡ་ཞིག་བཙན་འཇུག་བྱས་ན། བྱིས་པའི་རྒྱུན་ལྡན་གྱི་རིག་སྟོབས་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་གཏོར་བརླག་བྱས་པ་ལས་མ་འདས།

  དེས་ན་ཁོ་བོས་བྱིས་པའི་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་གྲུབ་པའི་གོ་རིམ་ནང་སྐད་བརྡ་ཨང་གཉིས་པ་དེ་ཞུགས་སྔ་ཚེ་ཕན་པ་ལས་གནོད་པ་ཆེ་བར་སྙམ། རྒྱུ་མཚན་ནི། 

དང་པོ། ཕ་སྐད་ཀྱི་བསམ་གཞིག་གཏན་ཚིགས་གྲུབ་པའི་གོ་རིམ་ནང་རྒྱུས་མེད་ཀྱི་སྐད་བརྡ་ཨང་གཉིས་པ་ཞུགས་ཚེ། བསམ་གཞིག་གཏན་ཚིགས་གྲུབ་པའི་སྔ་གཞུག་གི་གོ་རིམ་ལ་རྙོག་དྲ་བཟོས་པ་ཡིན། འདི་ནི་དངོས་ཡོད་འཚོ་བ་ལས་ལྟ་ཞིབ་བྱས་པས་ཀྱང་མྱོང་ཚོར་ལེན་ཐུབ།དཔེར་ན་ཁྱིམ་མི་གང་བོས་སྐད་རིགས་སྣ་གཅིག་བཤད་ན། ཁྱིམ་ཚང་དེའི་བྱིས་པས་སྐད་ཆ་བཤད་ཤེས་ཚད་ཅུང་མགྱོགས་ཤིང་སྔ་བ་ཡིན། གལ་ཏེ་ཁྱིམ་ཚང་གཅིག་གི་ཁྱིམ་མི་རྣམས་ཀྱིས་རྒྱུན་དུ་སྐད་རིགས་སྣ་གཉིས་ཡན་ཆད་བཤད་ཚེ།

ཁྱིམ་ཚང་དེའི་བྱིས་པས་སྐད་ཆ་བཤད་ཤེས་ཚད་ཅུང་དལ་ཞིང་འཕྱིས་པ་ཡིན། འདི་ནི་སྤྱིར་བཏང་གི་ཁྱིམ་མི་རྣམས་ཀྱིས་ཉམས་མྱོང་གླེང་བའི་ཁ་བརྡ་ལས་རྒྱུས་ལོན་བྱུང་བ་ཡིན། དེས་ན“ཅུང་མགྱོགས་པ”དང“ཅུང་འཕྱིས་པ”ཞེས་པ་འདི་ལས་བྱིས་པར་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་གྲུབ་པའི་གོ་རིམ་ནང་གེགས་དང་བར་ཆད་ལ་ཕྲད་ནས། རྒྱུན་ལྡན་གྱི་འཕེལ་རིམ་ལ་དལ་འགོར་བྱས་པ་དེ་མཚོན་པ་ཡིན།

གཉིས་པ། བྱིས་པར་སྐད་བརྡ་ཐོབ་པར་ཆག་སྐྱོན་ཅན་དུ་འགྱུར་བ། ཕྲུ་གུའི་རྒྱུད་རྒྱུའི་ནང་གནས་རྒྱུ་རྐྱེན་གྱིས་ཐག་གཅོད་པ་དང་མངལ་གནས་སློབ་གསོ། བཙས་རྗེས་ཀྱི་སྐད་བརྡའི་རིག་གནས་ཁོར་ཡུག་བཅས་ཀྱིས་ཕན་ཚུན་ལ་ནུས་པ་ཐེབས་པའི་དབང་གིས། འགྲུབ་བཞིན་པའི་ཕ་སྐད་ཀྱི་བསམ་གཞིག་གཏན་ཚིགས་དེས་ཕ་སྐད་ཀྱི་སྐད་བརྡའི་མ་ལག་གསར་སྐྲུན་བྱེད་པ་ཡིན། སྐབས་འདིར་སྐད་བརྡ་ཨང་གཉིས་པ་ཁ་སྣོན་བྱས་ཏེ། ཞྭ་དཔེ་ལྷམ་འགེབས་དང་མི་མཐུན་མཉམ་སྒྲིག་བྱས་ཚེ། འགྲུབ་བཞིན་པའི་ཕ་སྐད་ཀྱི་མ་ལག་ལ་གནོད་རྐྱེན་ཐེབས་པར་མ་ཟད། སྐད་བརྡ་ཨང་གཉིས་པའི་གཏན་ཚིགས་མ་ལག་དེ་ཡང་གཏན་ཁེལ་བྱེད་དཀའ་བས། མཇུག་འབྲས་ནི་ཕ་སྐད་ཀྱི་མ་ལག་འཐུས་ཚང་དུ་གཏོང་མི་ཐུབ་པར་མ་ཟད། སྐད་བརྡ་ཨང་གཉིས་པའི་མ་ལག་ཀྱང་གསར་སྐྲུན་བྱེད་དཀའ་བར་གྱུར་ནས། ཕ་སྐད་ཕྱེད་ཙམ་དང་སྐད་བརྡ་ཨང་གཉིས་པ་ཕྱེད་ཙམ་དུ་གྱུར། དཔེར་ན་ནང་ལོགས་ས་ཁུལ་གྱི་ཁྱིམ་ཚང་ཞིག་གིས་ཕྲུ་གུ་ལོ1ནས་ལོ3ཅན་ལ་དབྱིན་ཡིག་བསླབས་ཚེ། མཇུག་འབྲས་ནི་བྱིས་པ་དེས་སྐད་ཆ་བཤད་ཤེས་པའི་དུས་སུ་རྒྱ་སྐད་ཕྱེད་ཙམ་དང་དབྱིན་སྐད་ཕྱེད་ཙམ་བཤད་པ་ཡིན། ཁྱིམ་མི་ཚོ་རང་གི་བྱིས་པས“དབྱིན་ཡིག”ཅུང་ཙམ“བཤད་ཤེས”པར་དགའ་སྤྲོ་སྐྱེས་པའི་དུས་སུ། བྱིས་པ་འདིའི་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་ཆགས་པ་དང་འཕེལ་རྒྱས་སུ་འགྲོ་བར་དོན་དངོས་སུ་གནོད་རྐྱེན་ཚབས་ཆེན་ཐེབས་ཟིན། ང་ཚོ་བོད་ཁུལ་དུ་ཡུན་རིང་བར་ཕ་སྐད་མ་ཡིན་པའི་སློབ་གསོ་དང“སྐད་གཉིས་སློབ་གསོ”ཐེབས་པས།སྐད་བརྡ་ཆག་སྐྱོན་གྱི་སྣང་ཚུལ་ཧ་ཅང་ཁྱབ་གདལ་ཡིན། བོད་སྐད་ཕྱེད་ཙམ་དང་རྒྱ་སྐད་ཕྱེད་ཙམ་བཤད་པས། བོད་སྐད་སྤྱད་ནས་དོན་དག་ཁ་ཚང་ཞིག་བརྗོད་མི་ཐུབ་ལ། རྒྱ་སྐད་སྤྱད་ནས་ཀྱང་དོན་དག་ཁ་ཚང་ཞིག་བརྗོད་མི་ཐུབ། དོན་དངོས་སུ“སྐད་གཉིས”ཞེས་པ་དེ་ནི་སྦྲག་སྐད་དང་ཉོག་སྐད་ཅིག་ལས་མ་འདས། གལ་ཏེ་སྐད་བརྡ་ཨང་གཉིས་པ་འདི་ད་དུང་སློབ་སྔོན་བྱིས་པའི་སློབ་གསོའི་སྔོན་དུ་བསྣུར་ན། སྐད་བརྡ་ཆག་སྐྱོན་གྱི་སྣང་ཚུལ་འདི་ཚབས་ཇེ་དྲག་ནས་ཇེ་དྲག་ཏུ་འགྲོ་ངེས་རེད།

གསུམ་པ། བྱིས་པའི་གསར་སྐྲུན་གྱི་ནུས་སྟོབས་འཕེལ་བར་བཀག་འགོག་ཐེབས་པ། ཀྲང་ཝུན་ཞིན་དང་ཀུའོ་ཁྲོན་ཧྭ་གཉིས་ཀྱིས་བརྩམས་པའི《གསར་སྐྲུན་ནུས་སྟོབས་འཕེལ་རྒྱས་ཀྱི་སེམས་ཁམས་རིག་པ》ལས། “སྐད་བརྡའི་འཕེལ་རྒྱས་ཀྱིས་མི་བུའི་གསར་སྐྲུན་ནུས་སྟོབས་བྱུང་བ་དང་གྲུབ་པ། མཚོན་པ་བཅས་ལ་ཆ་རྐྱེན་མཁོ་སྤྲོད་བྱེད་པ་དང་མི་བུའི་གསར་སྐྲུན་ནུས་སྟོབས་འཕེལ་རྒྱས་སུ་སོང་བ་དེས་བྱིས་པའི་སེམས་ཁམས་ཀྱི་གོ་རིམ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བར་སྐུལ་འདེད་བྱེད་པ་ཡིན།……ཕྱོགས་གཞན་ཞིག་ནས། བྱིས་པའི་སྐད་བརྡ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཐད་ཀར་གསར་གཏོད་རང་བཞིན་ཁ་ཤས་མངོན་ཏེ། ལོ3ནས་ལོ5ཅན་གྱི་སློབ་སྔོན་བྱིས་པའི་ཐ་སྙད་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རང་ཉིད་ཀྱིས་ཐ་སྙད་གསར་བཟོ་བྱེད་པའི་སྣང་ཚུལ་མཐོང་ཐུབ། བྱིས་པས་ཐ་སྙད་གསར་བཟོ་བྱེད་པའི་སྣང་ཚུལ་འདི་ནི་བྱིས་པའི་ཐོག་མའི་དུས་སྐབས་ཀྱི་གསར་གཏོད་ནུས་རྩལ་གྱི་མཚོན་སྟངས་ཤིག་ཡིན།……བྱིས་པས་སྐད་ཆ་སྤྱོད་པའི་གོ་རིམ་ཁྲོད་དུའང་གསར་གཏོད་རང་བཞིན་མཚོན། བྱིས་པས་ཐ་སྙད་དང་བརྡ་སྤྲོད་ངེས་ཅན་ཞིག་ཁོང་དུ་ཆུད་སྐབས། ཁོའི་སྐད་བརྡའི་ནང་དུ་རང་ཉིད་ཀྱི་གསར་གཏོད་རང་བཞིན་གྱི་བྱ་སྤྱོད་དེ་ཚིག་སྒྲིག་པ་དེ་འདུས་ཡོད།”ཅེས་བཤད།②འདིར་བཤད་པའི“བྱིས་པའི་སྐད་བརྡའི་འཕེལ་རྒྱས”དང་བྱིས་པས“ཐ་སྙད་གསར་བཟོ་བྱེད་པ”“ཚིག་སྒྲིག་པ”ཚང་མ་བྱིས་པའི་ཕ་སྐད་ཡིན་ངེས་སོ།། བྱིས་པས་རང་ཉིད་ལ་གཞི་ནས་ཡོད་པའི་སྐད་བརྡའི་བྱེད་ནུས་ཀྱི་རྒྱུད་རྒྱུ་དེ་ནང་གནས་ཀྱི་གཞི་འཛིན་ས་བྱེད་པ་དང་། ཕ་མ་དང་ཁྱིམ་ཚང་། མི་རིགས་རིག་གནས་ཀྱི་ཁོར་ཡུག་རྣམས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་བྱེད་པར་བརྟེན་ནས།སྐད་བརྡ་བྱུང་བ་དང་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་གྲུབ་པ་ཡིན་པས། བྱིས་པའི་སྐད་བརྡ་འཕེལ་རིམ་ཁྲོད་ད་གཟོད“ཐ་སྙད་གསར་བཟོ”དང“ཚིག་གསར་བཟོ”བྱེད་པའི་སྣང་ཚུལ་བྱུང་བ་ཡིན། འདི་ནི་གསར་གཏོད་ནུས་པའི་མཚོན་སྟངས་ཤིག་ཡིན་པར་མ་ཟད། ཕ་སྐད་ལ་བརྟེན་ནས་རྒྱུན་ལྡན་གྱི་འཕེལ་རྒྱས་གཏན་ཚིགས་ལྟར་ཐོབ་པའི་སྐད་བརྡ་དང་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་དེས་བྱིས་པའི་གསར་གཏོད་ནུས་པའི་འཕེལ་རྒྱས་ལ་ཆ་རྐྱེན་མཁོ་སྤྲོད་བྱས་པ་ཞིག་ཀྱང་ཡིན། དེས་ན། བྱིས་པར་སྐད་བརྡ་ཐོབ་པ་དང་སྐད་བརྡ་བྱུང་བ། སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་གྲུབ་པ་བཅས་ཀྱི་སྐབས་སུ། སྔོན་འགྲོའི་རྐྱེན་གྲངས་མེད་པའི་རྒྱུས་མེད་ཀྱི་སྐད་བརྡ་ཞིག་བསྣན་ན། བྱིས་པའི་གསར་གཏོད་འཕེལ་རྒྱས་ཀྱི་གོ་རིམ་ལ་ཕྱི་ཡོང་གི་འགལ་རྐྱེན་ཐེབས་སྲིད་པས། གསར་གཏོད་ནུས་ཤུགས་ཀྱི་འཕེལ་རིམ་ལ་བགེགས་དང་ཐ་ན་ཁྱད་གསོད་ཐེབས་ཏེ། མི་ཚེ་གང་བོའི་གསར་གཏོད་ནུས་ཤུགས་དེ་ཆག་སྐྱོན་ཅན་དུ་གཏོང་སྲིད།

བཞི་པ། བྱིས་པའི་རིག་སྟོབས་ཆག་སྐྱོན་ཅན་དུ་གཏོང་བ། རིག་སྟོབས་ནི་ཅི་ཞིག་ཡིན་ཞེ་ན། རིག་སྟོབས་ནི་དོན་དངོས་སུ་མི་ཞིག་གི་ནུས་པ་སྣ་མང་གི་སྤྱི་གཟུགས་ལ་ཟེར། ཅ་ཏིག་ནཱ་ཡི་ལྟ་བ་ལྟར་ན།“རིག་སྟོབས་ནི་ལྟོས་བཅས་སུ་ཁེར་རྐྱང་ཡིན་པའི་རིག་སྟོབས་སྣ་བརྒྱད་ཀྱི་སྤྱི་གཟུགས་ཡིན། རིག་སྟོབས་སྣ་བརྒྱད་པོ་འདི་སོ་སོར་སྐད་བརྡའི་རིག་སྟོབས་དང་གྲངས་ལུགས་གཏན་ཚིགས་ཀྱི་རིག་སྟོབས།བར་སྣང་མཐོང་ཚོར་གྱི་རིག་སྟོབས། རོལ་དབྱངས་ཀྱི་རིག་སྟོབས། ལུས་ཕུང་འགུལ་སྐྱོད་ཀྱི་རིག་སྟོབས། སྤྱི་ཚོགས་འབྲེལ་བའི་རིག་སྟོབས། རང་ཚོད་ཟིན་པའི་རིག་སྟོབས། རང་བྱུང་གི་རིག་སྟོབས་བཅས་ཡིན།”③རིག་སྟོབས་ནི་ཕྱོགས་གང་མང་གི་ནུས་པའི་སྤྱི་གཟུགས་ཡིན་པས། མི་ཞིག་ལ་འཇོན་ཐང་དང་བློ་རིག་གང་མང་ལྡན་ཆོག་པ་དང་། དུས་མཚུངས་སུ་ཕྱོགས་ག་གེ་མོ་ཞིག་གི་རིག་སྟོབས་ཧ་ཅང་དར་རྒྱས་ཆེ་ན་ཕྱོགས་དེའི་ཁྱད་ཆོས་འབུར་དུ་ཐོན་པ་ཡིན།དེས་ན། རིག་སྟོབས་འདི་དག་ནི་ནམ་ཞིག་ལ་གློ་བུར་དུ་མི་ཞིག་གི་ལུས་སྟེང་དུ་ལྷུང་བ་མ་ཡིན་པར། མི་ཞིག་གི་རྒྱུད་རྒྱུ་རྒྱུད་འཛིན་བྱེད་སྐབས་དེ་ནི་ནང་གནས་རྒྱུད་རྒྱུ་རུ་ཁྱབ་ཡོད་པའི་མི་ལུས་སྐྱེ་དངོས་འཚར་ལོངས་དང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ལུས་ཁམས་ཀྱི་དབང་བོ་སྣ་ཚོགས་གྲུབ་པ་དང་མཉམ་དུ། ཕྱོགས་གང་མང་གི་ནུས་པའི་རྐྱེན་གྲངས་དེ་རིག་སྟོབས་རྒྱུ་རྐྱེན་དུ་གཅིག་འདུས་བྱས་ཏེ་མུ་མཐུད་དུ་འཚར་ལོངས་དང་འཕེལ་རྒྱས་སུ་འགྲོ་བ་ཡིན། སྐད་བརྡ་ནི་རིག་སྟོབས་འཕེལ་རྒྱས་ཀྱི་ཐེམ་སྐས་ཡིན་པས། མིའི་ཕྱོགས་གང་མང་གི་ནུས་པའི་གྲུབ་ཚུལ་དང་འཕེལ་རྒྱས་ཚང་མ་སྐད་བརྡའི་བསམ་གཞིག་དང་སྐད་བརྡའི་ངོས་འཛིན། སྐད་བརྡའི་མཚོན་སྟངས། སྐད་བརྡའི་གསལ་སྟོན་བཅས་ལ་བརྟེན་པ་ཡིན། ཡིན་ནའང་ཕ་སྐད་ལ་བརྟེན་ནས་སྐད་བརྡ་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་གི་སྐབས་གླགས་འདིར། རྒྱུས་མེད་ཀྱི་སྐད་བརྡ་ཨང་གཉིས་པ་བསྣན་ནས་སྐད་བརྡ་རྙོག་འཛིང་དུ་བཟོས་ན། སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་རྙོག་འཛིང་དུ་སོང་བའི་རྐྱེན་གྱིས། ཕྱོགས་གང་མང་གི་ནུས་པ་འཕེལ་རྒྱས་ཀྱི་འགལ་རྐྱེན་དུ་གྱུར་ནས་ནུས་པར་ཆག་སྐྱོན་ཤོར་བ་ཡིན་པས་ནུས་པ་ཆག་སྐྱོན་དེ་ནི་རིག་སྟོབས་ཆག་སྐྱོན་ཡིན་པའང་ཤེས་པར་བྱའོ།།

ལྔ་པ། བྱིས་པའི་སྐད་བརྡ་ཆག་སྐྱོན་དང་ནུས་སྟོབས་ཆག་སྐྱོན་དེ་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཅས་ཀྱི་དུས་རིམ་དུ་འཕེལ་ན་ཤེས་བྱ་ཆག་སྐྱོན་དུ་མི་འགྲོ་བའི་ཐབས་མེད།

བྱིས་པར་སྐད་ཆའི་བསམ་གཞིག་གི་གཏན་ཚིགས་སྒྲིག་གཞི་ཆགས་བཞིན་པའི་སྐབས་དེར་སྐད་བརྡ་ཨང་གཉིས་པ་ཁ་སྣོན་བྱེད་པ་སྔ་དྲགས་པའི་དབང་གིས། ཕ་སྐད་ལ་བརྟེན་ནས་འཐུས་སྒོ་ཚང་བའི་ཕ་སྐད་ཀྱི་བསམ་གཞིག་གཏན་ཚིགས་དང་ཕ་སྐད་ཀྱི་སྐད་བརྡའི་མ་ལག་དེ་བདེ་བླག་ངང་རྒྱུན་སྲོལ་དང་མཐུན་པར་ཆགས་མ་ཐུབ་པ་དང་། སྐད་བརྡ་ཨང་གཉིས་པ་དེ་ཡང་སྔོན་འགྲོའི་རྐྱེན་གྲངས་ཀྱི་རྨང་གཞི་ཞན་པའི་དབང་གིས། ཐོ་རེ་བ་དང་ཐར་ཐོར་གྱི་སྐད་ཆ་ཉི་ཚེ་བ་ཞིག་ཡིན་པས།འདི་འདྲའི་བྱིས་པ་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཅས་སུ་ཞུགས་ཚེ། སྐད་བརྡ་ཨང་གཉིས་པར་བརྟེན་ནས་སློབ་སྦྱོང་བྱས་པའི་ཚན་རིག་ཤེས་བྱ་དེའང་བརྒྱུད་རིམ་མི་ལྡན་ཞིང་ཆ་མི་ཚང་བ།གཅིག་ཤེས་ཀུན་གྲོལ་གྱི་འཕྲོས་རྟོགས་ནུས་པ་ཞན་པས། བསླབས་པའི་ཤེས་བྱ་ཐམས་ཅད་ཤེས་ལ་མ་ཤེས་པ་དང་ཡིན་ལ་མ་ཡིན་པར་གྲ་ཆག་གྲུ་ཉམས་སུ་འགྱུར་ངེས་ཡིན།དེའི་ཕྱིར། སློབ་གྲྭ་ཆེན་མོར་ཞུགས་པའམ་སློབ་ཆེན་ནས་མཐར་ཕྱིན་རྗེས་སྔར་ལས་ལྷག་པར་ཤེས་བྱ་རྒྱ་བསྐྱེད་པའི་ནུས་སྟོབས་ཧ་ཅང་ཞན་པ་དང་། སྔར་ལས་ལྷག་པར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གནད་དོན་གསར་བ་རྙེད་པ། ལྟ་ཚུལ་གསར་བ་འདོན་པ། གསར་གཏོད་རང་བཞིན་གྱིས་གནད་དོན་ཐག་གཅོད་པ་བཅས་ཀྱི་ནུས་སྟོབས་ཧ་ཅང་ཞན་པས། རིག་གཞུང་ཚན་ཁག་གི་ཆེད་མཁས་པ་དང་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་མི་སྣ་ནི་ཉིན་མོའི་སྐར་མ་ཇི་བཞིན་དང་། ཤེས་ལྡན་མི་སྣ་རྩེ་གྲས་འབྱུང་ཚད་ཧ་ཅང་དམའ། འདི་ནི་ཡུན་རིང་དུ་ཆག་སྐྱོན་སློབ་གསོ་ལག་བསྟར་བྱས་ནས་ཐོན་པའི་ཤེས་བྱ་ཆག་སྐྱོན་གྱི་མཇུག་འབྲས་ཡིན།

དྲུག་པ། མཇུག་མཐར་མི་གཤིས་ཆག་སྐྱོན་དུ་འགྱུར་བ།“སེམས་ཁམས་རིག་པའི་ཞིབ་འཇུག་ལས་མཚོན་པ་ལྟར་ན། མི་ཞིག་གི་ཆ་ཚང་བའི་མི་གཤིས་ལ། མི་གཤིས་སེམས་ཁམས་ཀྱི་ཁྱད་ཆོས་དང་མི་གཤིས་ཕྱོགས་ལྷུང་རང་བཞིན་གྱི་ཕྱོགས་གཉིས་འདུས་ཡོད། མི་གཤིས་སེམས་ཁམས་ཀྱི་ཁྱད་ཆོས་ལ་ཡང་ནུས་སྟོབས་དང་ཉམས་འགྱུར། གཤིས་རྒྱུད་བཅས་འདུས། དེ་དག་ནི་མི་རྣམས་འགུལ་སྐྱོད་བྱེད་ཚད་དང་འགུལ་སྐྱོད་ཉམས་འགྱུར་ཕྱོགས་ཀྱི་ཁྱད་པར་སྟེང་ནས་མཚོན་པ་ཡིན། མི་གཤིས་ཕྱོགས་ལྷུང་རང་བཞིན་ལ་དགོས་མཁོ་དང་ཀུན་སློང་། དགའ་སྣང་། ཕུགས་འདུན། རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་བཅས་འདུས།”④མི་གཤིས་ལ་མི་རིགས་ཤིག་གི་ཐུན་མོང་རང་བཞིན་གྱི་ཁྱད་ཆོས་ལྡན་ཞིང་། གཞན་དང་མི་མཐུན་པའི་མི་བུའི་ཁྱད་ཆོས་ཀྱང་ལྡན་ཏེ། ཐུན་མོང་རང་བཞིན་གྱི་ཁྱད་ཆོས་དང་མི་བུའི་ཁྱད་ཆོས་གང་ཡིན་རུང་ཚང་མ་དམིགས་བཙུགས་ཀྱི་མི་རིགས་ཤིག་གི་རིག་གནས་ཁོར་ཡུག་དང་འབྲེལ་ཡོད། མིའི་རྒྱུད་རྒྱུའི་རྒྱུད་འཛིན་ནི་དམིགས་བཙུགས་མི་རིགས་དེའི་རྒྱུད་རྒྱུ་ཡིན། དེའི་ནང་མི་རིགས་འདིར་གཏོགས་པའི་ཐུན་མོང་རང་བཞིན་གྱི་མི་གཤིས་ཁྱད་ཆོས་ཀྱི་རྒྱུ་རྐྱེན་ཁྱབ་ཡོད་དེ། སྐྱེས་རྗེས་ཀྱི་འཚོ་བའི་ཁོར་ཡུག་དང་། སྐད་ཆའི་ཁོར་ཡུག འབྲེལ་འདྲིས་ཀྱི་ཁོར་ཡུག་བཅས་ཀྱིས་ཕྲུ་གུ་དང་བྱིས་པའི་ལུས་ཁམས་དང་སེམས་ཁམས་ཀྱི་འཕེལ་རྒྱས་ལ་ནུས་པ་ཐོན་ཡོད་པས། མི་རིགས་འདིར་གཏོགས་པའི་སྤྱིའི་རང་བཞིན་གྱི་མི་གཤིས་ཁྱད་ཆོས་གྲུབ་ཡོད། མི་བུ་ཁོ་ནར་འཛོམས་པའི་མི་གཤིས་ཀྱི་ཁྱད་ཆོས་དེ་ལ་ཡང་རང་ཉིད་ལ་གདོད་མ་ཉིད་ནས་མངའ་བའི་རྒྱུད་རྒྱུ་སྟེ་དམིགས་བཙུགས་མི་རིགས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཕན་ཚུན་ནུས་པ་ཐོན་པའི་ཁྲོད་གྲུབ་ཅིང་སྔར་བཞིན་མི་རིགས་སོ་སོའི་ཁྱད་ཆོས་འཛོམས་ཡོད།

དེས་ན་ཕྲུ་གུ་དང་བྱིས་པ་རྣམས་རང་ཉིད་ཀྱི་ཕ་སྐད་ལ་བརྟེན་ནས་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་གྲུབ་པའི་བརྒྱུད་རིམ་ཁྲོད། ཚུལ་དང་མཐུན་པར་རང་ཉིད་ཀྱི་ནུས་པ་སྣ་ཚོགས་པ་དང་། རང་ཉིད་ཀྱི་ཉམས་འགྱུར་དང་གཤིས་རྒྱུད་བཅས་གྲུབ་ཀྱིན་ཡོད། གལ་ཏེ་སྐབས་འདིར་སྐད་བརྡ་ཨང་གཉིས་པ་བར་དུ་བཅུག་ཚེ་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་ལ་རྙོག་དྲ་འབྱུང་ཞིང་། སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་དེ་ཆ་ཚང་བའི་སྒོ་ནས་སྒྲིག་འཛུགས་བྱེད་མི་ཐུབ་པར། བདེ་ཐང་ངང་འགྲུབ་བཞིན་པའི་མི་གཤིས་ཀྱི་ཁྱད་ཆོས་དེ་རྙོག་དྲ་བཟོས་ནས་མི་གཤིས་དེ་ཡང་ཆག་སྐྱོན་དུ་གཏོང་ངེས་རེད། སྤྱི་ཚོགས་དངོས་ཡོད་ཁྲོད་མི་གཤིས་འཐུས་སྒོ་མི་ཚང་བ་དེས་མང་ཆེ་བ་ཟིན་ཡོད་ཅིང་། དེའི་ཧ་ཅང་གལ་ཆེ་བའི་རྒྱུ་རྐྱེན་ཉག་གཅིག་ནི་ཐོག་མར་མི་གཤིས་འགྲུབ་སྐབས་སུ་རྨང་གཞི་ལེགས་པོ་ཞིག་ཆགས་མ་ཐུབ་པ་དང་། མི་ཚེའི་རྨང་རྡོ་ཐོག་མ་དེ་བརྟན་པོར་འཛུགས་མ་ཐུབ་པས་རེད།

དེས་ན་སྐད་བརྡ་ཨང་གཉིས་པ་བསླབ་རྒྱུ་དེ་སློབ་སྔོན་དུས་རིམ་དུ་སྔ་སྣུར་བྱེད་པ་ནི་བློ་རིག་མི་ལྡན་ཞིང་། ཚན་རིག་དང་མི་མཐུན་པ། ཚུལ་དང་མི་མཐུན་པ་ཞིག་སྟེ་ཕན་པ་ལས་གནོད་པ་ཆེ་ཞིང“ཕན་པ”ཞེས་པ་དེ་ཡང་ཕྱོགས་རེ་ཙམ་གྱི་ཕན་པ་ཞིག་དང་ཕྱོགས་རེ་ཙམ་གྱི་སྐད་བརྡ་ཨང་གཉིས་པའི་ནུས་པ་ཁོ་ན་ཙམ་ཡིན།

འོ་ན་སྐད་བརྡ་ཨང་གཉིས་པ་དེ་དུས་ནམ་ཞིག་ལ་བསླབ་ན་ཅུང་ཚན་རིག་དང་མཐུན་པ་ཞིག་ཡིན་ནམ་ཞེ་ན། དུས་རབས་སྔོན་མའི་ལོ་རབས80ནང་རང་རེའི་རྒྱབ་ཁབ་འདི“གཡོན”ཐལ་དུས་རབས་ཀྱི་དཀའ་སྡུག་ལས་ཐར་ནས་ཅུང་འགོར་མེད་པས་ཚང་མ་བློ་རིག་ལྡན་པ་ཞིག་ཏུ་མངོན་ཏེ།སྐབས་དེར་རང་རྒྱལ་གྱིས་གཏན་འབེབས་བྱས་པའི《སློབ་གསོའི་བཅའ་ཁྲིམས》ཁག་དང་པོ་དང་། 《མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》དག་ལས།“གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་བ་གཙོར་བྱེད་པའི་སློབ་གྲྭ(འཛིན་གྲྭ)དང་སློབ་གསོའི་ལས་ཁུངས་གཞན་དག་དང་ཆ་རྐྱེན་ཡོད་པ་དག་གིས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་བསླབ་དེབ་སྤྱོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཆས་སློབ་ཁྲིད་བྱེད་པ། གནས་ཚུལ་ལྟར་སློབ་ཆུང་གི་ལོ་རིམ་དམའ་བའམ་ཡང་ན་ལོ་རིམ་མཐོན་པོ་ནས་བཟུང་སྟེ་རྒྱའི་སྐད་ཡིག་གི་སློབ་ཚན་བཙུགས་ཏེ། རྒྱལ་ཡོངས་སྤྱི་སྤྱོད་ཀྱི་སྤྱི་སྐད་དང་ཚད་དང་མཐུན་པའི་རྒྱ་ཡིག་གཉིས་རྒྱ་ཁྱབ་ཏུ་སྤེལ་དགོས་པ”གཏན་ཁེལ་བྱས་ཡོད།⑤ འདི་ནི་བློ་དང་ལྡན་ཞིང་ཚན་རིག་དང་མཐུན་པ་ཞིག་རེད། དེའི་རྒྱུ་མཚན་ནི། སློབ་ཆུང་ལོ་རིམ་གསུམ་པའི་ཡན་ལ་སླེབས་དུས་ལོ་ན་དགུ་ལ་སོན་འདུག་པས། ཕ་སྐད་ཀྱི་སྐད་ཡིག་གི་མ་ལག་དང་སྐད་བརྡའི་བསམ་གཞིག་གཏན་ཚིགས་ཀྱི་སྒྲིག་གཞི་དེ་འཐུས་སྒོ་ཚང་བའི་སྒོ་ནས་སྒྲིག་འཛུགས་བྱས་ཡོད། སྐབས་འདིར་རིག་ཚན་ཞིག་ཡིན་པའི་ཆ་ནས་སྐད་བརྡ་ཨང་གཉིས་པའི་སྐད་ཡིག་གི་སློབ་ཚན་ཞིག་བཙུགས་ན། སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་ལ་རྙོག་དྲ་མི་བཟོ་བར་མ་ཟད། ད་དུང་ཕ་སྐད་ཀྱི་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་ལ་བརྟེན་ནས་སྐད་བརྡ་ཨང་གཉིས་པའི་སྐད་ཡིག་གི་སློབ་ཚན་ལ་སྦྱོང་བ་བྱེད་ཐུབ་པས། སྐད་བརྡ་ཨང་གཉིས་པའི་སློབ་སྦྱོང་གི་གྲུབ་འབྲས་མཐོར་འདེགས་སུ་གཏོང་ཐུབ་པར་མ་ཟད། སྐད་བརྡའི་ཤེས་ཡོན་ཡང་ཕུན་ཚོགས་སུ་གཏོང་ཐུབ་པ་དང་། སྐད་བརྡ་ཨང་གཉིས་པའི་བསམ་གཞིག་གི་གཏན་ཚིགས་རྒྱུན་ལྡན་ངང་སྒྲིག་འཛུགས་བྱེད་པར་ཡང་ཕན་ཐོགས་ཡོད།

ལོ་རབས90ལ་སླེབས་པ་ནས་བཟུང་། སློབ་གསོ་དང་ཁྲིམས་ལུགས་གང་ཡང་མི་ཤེས་པའི་མི་རེ་ཟུང་གིས་རྨོངས་ཚོད་ཀྱིས།“རྒྱའི་སྐད་ཡིག་ནི་ལོ་རིམ་དང་པོ་ནས་བཟུང་མཉམ་གཅིག་ཏུ་འཛུགས་དགོས”པའི་ལྟ་ཚུལ་བཏོན་ནས་སྐད་བརྡ་ཨང་གཉིས་པ་སྣོན་པའི་དུས་ཚོད་དེ་ལོ་ན6ལ་སྔ་སྣུར་བྱས། དུས་རབས་གསར་པའི་དུས་མགོར་སླེབས་དུས་ཀྱང་བྱིས་པ་འཕེལ་རྒྱས་ཀྱི་སེམས་ཁམས་རིག་པ་མི་ཤེས་ལ་སློབ་གསོ་ཡང་མི་ཤེས་པའི་མི་རེ་འགས།“རྒྱའི་སྐད་ཡིག་བསླབ་རྒྱུ་དེ་བྱིས་པ་ཁང་དུ་སྔ་སྣུར་བྱས་ནས་རྒྱའི་སྐད་ཡིག་གི་རྨང་གཞི་ཤུགས་ཆེར་གཏོང་དགོས”པའི་ལྟ་ཚུལ་བཏོན་པས། དེ་ནས“སློབ་སྔོན་སྐད་གཉིས་སློབ་གསོ”ཞེས་པའི་བརྗོད་ཚུལ་དེ་བྱུང་།འདིའི་བར་སྐབས་སུ་རིགས་པས་བསྒྲུབས་པའི་བརྒྱུད་རིམ་གང་ཡང་མེད་ཅིང་། སྐད་བརྡ་ཨང་གཉིས་པ་དེ་སྔོན་དུ་བསྣུར་ནས་བྱིས་པ་ལོ6ཅན་དང་། ཕྲུ་གུ་ལོ5དངལོ4། ལོ3བཅས་སུ་སྔོན་སྣུར་བྱས་པ་དེ་ལ་ཕན་གནོད་ཅི་ཡོད་སེམས་ཁམས་རིག་པ་དང་སློབ་གསོ་རིག་པ་གང་གིས་ཀྱང་རིགས་སྒྲུབ་བྱས་མེད།དོན་དངོས་སུ་འདི་ནི་ཚན་རིག་ཤེས་བྱའི་ཆུ་ཚད་དམའ་ཞིང་དོན་དངོས་ནུས་པ་ཡང་མེད་པའི་ཆབ་སྲིད་ཀྱི་གླགས་འཚོལ་མཁན་དག་གིས་གཞུང་ཕྱོགས་ལ་སྤྲད་པའི་ངོས་ལེན་ཞུ་ཡིག་ཅིག་སྟེ། དེའི་ཕག་གི་རིན་དོད་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ལུས་སེམས་ཀྱི་བདེ་ཐང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཚུལ་མཐུན་གྱི་གོ་སྐབས་ཤོར་བ་དེ་ཡིན།


བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན།


གཉིས། སྐད་བརྡ་སྦྱོང་བརྡར་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་གཉིས་ཀྱི་འབྲེལ་བ་གསལ་པོར་བྱེད་དགོས་པ།

སློབ་སྔོན་སློབ་གསོའི་འོས་འགན་ནི་སྐད་བརྡའི་སློབ་གསོ་ཁོ་ན་ཡིན་ནམ་ཡང་ན་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སློབ་གསོ་ཡིན་པ་དང་།“སློབ་སྔོན་སྐད་གཉིས་སློབ་གསོ”ཞེས་པ་ནི་ཚན་རིག་གི་དོན་སྤྱི་ཞིག་ཡིན་ནམ་ཡང་ན་གཏན་ཚིགས་ཀྱི་ལོག་སྨྲ་ཞིག་ཡིན། གལ་ཏེ་གནད་དོན་འདི་གཉིས་ལ་ཡང་དག་པའི་དྲིས་ལན་ཞིག་མ་བཏབ་ཚེ། བོད་ཁུལ་གྱི་སློབ་སྔོན་སློབ་གསོའི་མགོ་ལེགས་པོ་ཞིག་ཚུགས་མི་ཐུབ།

སློབ་སྔོན་སློབ་གསོ་ནི་མི་ཚེའི་ཐོག་མར་མགོ་ཚུགས་པའི་སློབ་གསོ་སྟེ་མི་ཞིག་གི་ཚེ་གང་བོའི་འཕེལ་རྒྱས་ལ་འབྲེལ་བ་ཡོད། མི་ཚེའི་ཐོག་མའི་དུས་རིམ་ནང་མིའི་ཕྱོགས་དུ་མའི་ནུས་པ་དེ་མི་མངོན་པའི་ནུས་པ་ཡིན་པའི་ཆ་ནས་ཁོའི(ཁོ་མོ)སྐྱེ་བ་དང་། འཚར་ལོངས། འཕེལ་རྒྱས་བཅས་ཀྱི་འཕེལ་རིམ་ནང་འདུས་ཡོད་ཅིང་། ཕྱོགས་དུ་མ་འཕེལ་སྲིད་པའི་ཆ་ནས་མིའི་ལུས་ཁམས་དང་སེམས་ཁམས་སུ་མི་མངོན་པར་གནས་ཡོད། གོང་དུ་ང་ཚོས་ཅ་ཏེ་ནཱ་ཡི་སྐད་བརྡའི་རིག་སྟོབས་དང་། གཏན་ཚིགས་རྩིས་ཁུངས་ཀྱི་རིག་སྟོབས། བར་སྣང་མཐོང་ཚོར་གྱི་རིག་སྟོབས། རོལ་མོའི་རིག་སྟོབས། ལུས་པོ་འགུལ་སྐྱོད་ཀྱི་རིག་སྟོབས། སྤྱི་ཚོགས་འབྲེལ་བའི་རིག་སྟོབས། བདག་ཤེས་ཀྱི་རིག་སྟོབས། རང་བྱུང་རིག་སྟོབས་བཅས་བསྡོམས་པས་རིག་སྟོབས་བརྒྱད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་རྨང་གཞི་མཐའ་དག་དུས་མཉམ་དུ་གནས་ཤིང་། དེ་ལས་རིག་སྟོབས་གང་ཞིག་མི་ཞིག་གི་ཁྱད་ནུས་ཡིན་པའི་ཆ་ནས་ད་དུང་ཕྱོགས་གཉིས་སུ་མ་གྱེས་པ་དང་གསལ་པོར་མངོན་མེད།རྒྱུ་མཚན་དེའི་ཕྱིར། ཕྲུ་གུ་དང་བྱིས་པའི་སློབ་གསོས་རིག་སྟོབས་གང་རུང་ཞིག་མ་འོངས་པར་བྱིས་པ་དེའི་ཁྱད་ཆོས་སུ་གྱུར་ནས་དེ་དམིགས་སུ་འཕེལ་སྲིད་པ་ཚང་མར་རྨང་གཞི་བརྟན་པོ་འཛུགས་དགོས་པས། ཕྲུ་གུ་དང་བྱིས་པའི་སློབ་གསོ་ནི་ངེས་པར་དུ་ཕྱོགས་ཡོངས་ཀྱི་སློབ་གསོ་དང་། རིག་སྟོབས་བརྒྱད་ཕྱོགས་ཡོངས་ནས་གསར་སྤེལ་བྱེད་ཆེད་འཇམ་ཁྲིད་བྱེད་པའི་སློབ་གསོ་ཞིག་ཡིན་དགོས།

ཡིན་ནའང་།“སློབ་སྔོན་སྐད་གཉིས་སློབ་གསོ”ཞེས་པའི་དོན་སྤྱི་འདིས་སློབ་སྔོན་སློབ་གསོ་དེ“སྐད་གཉིས”ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱིས་ཚོད་འཛིན་བྱས་ཡོད་པས། དེའི་ནང་གནས་ཀྱི་གོ་དོན་ནི་སྐད་བརྡའི་སློབ་གསོ་ཡིན་ལ་ཁྱབ་བྱེད་ཀྱང་སྐད་བརྡའི་རིག་ཚན་ནང་ཚོད་འཛིན་བྱས་ཡོད། དེའི་སྟབས་ཀྱིས“སློབ་སྔོན་སྐད་གཉིས་སློབ་གསོ”ཞེས་པའི་བརྗོད་སྟངས་འདིས་སློབ་སྔོན་སློབ་གསོས་སྐད་བརྡའི་སློབ་གསོ་ཁོ་ནར་མཐོང་ཆེན་བྱེད་དགོས་པར་བསྟན་ཡོད། ཕྲུ་གུ་དང་བྱིས་པའི་རིག་སྟོབས་གྲུབ་པ་དང་འཕེལ་རྒྱས་འབྱུང་བཞིན་པའི་ཐོག་མའི་དུས་སུ་སྐད་བརྡའི་སློབ་གསོ་དང་སྐད་བརྡའི་སྦྱོང་བརྡར་གཉིས་ནི་ཧ་ཅང་དགོས་ངེས་ཆེ་བ་ཞིག་ཡིན་པར་མ་ཟད། ནང་དོན་ཧ་ཅང་གལ་ཆེ་བ་ཞིག་ཀྱང་ཡིན་མོད། འོན་ཀྱང་། དེ་ནི་རིག་སྟོབས་བརྒྱད་ཀྱི་ནང་གསེས་ཀྱི་རིག་སྟོབས་ཤིག་སྟེ་སྨྲ་བརྗོད་ཀྱི་རིག་སྟོབས་ཙམ་ཡིན། འདིར་སྨྲ་བརྗོད་རིག་སྟོབས་ཀྱི་སྦྱོང་བརྡར་དང་གསར་སྤེལ་ནི་དུས་མཚུངས་སུ་རིག་སྟོབས་གཞན་བདུན་པོ་དེ་སྦྱོང་བརྡར་དང་གསར་སྤེལ་བྱེད་པའི་ཐེག་བྱེད་དམ་རྟེན་གཞི་ཞིག་ཀྱང་ཡིན་ལ། སྐབས་འདིའི“སྨྲ་བརྗོད་ཀྱི་རིག་སྟོབས”ནི་ཕ་སྐད་ལ་བརྟེན་ནས་གྲུབ་པའི་སྨྲ་བརྗོད་ཀྱི་རིག་སྟོབས་ཡིན། བྱིས་པའི་སེམས་ཁམས་འཕེལ་རྒྱས་ཐད་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་ཚང་མས་ཕ་སྐད་དེ་སྔོན་འགྲོར་བརྩི་བར་གནས་ལུགས་འཁྲུལ་མེད་ཅིག་ཏུ་མཐོང་བ་ལས། སྐད་བརྡ་ཨང་གཉིས་པ་དང་སྐད་བརྡ་ཨང་གསུམ་པ་ལ་བརྟེན་ནས་དུས་ཐོག་མའི་སྨྲ་བརྗོད་ཀྱི་རིག་སྟོབས་སྒྲིག་འཛུགས་བྱེད་དགོས་པའི་གནས་ལུགས་ནི་སུས་ཀྱང་ར་སྤྲོད་བྱས་མྱོང་མེད།

དེས་ན་སྐད་གཉིས“སློབ་སྔོན་སློབ་གསོ”དེས་དོན་དངོས་ཕ་སྐད་ལ་བརྟེན་ནས་སྐད་བརྡའི་རིག་སྟོབས་འགྲུབ་བཞིན་པ་ལ་རྙོག་དྲ་བཟོས་པར་མ་ཟད། རིག་སྟོབས་གཞན་བདུན་པོ་སྐྱེད་སྲིང་དང་གསར་སྤེལ་བྱེད་པ་དེ་ཡང་རང་བཞིན་གྱིས་ཤུགས་ཇེ་ཞན་དུ་བཏང་ཡོད། དེའི་མཇུག་འབྲས་ལ་བྱིས་པ་རྣམས་ཀྱི་རིག་སྟོབས་གཞན་པ་བདུན་གྱི་མི་མངོན་པའི་ནུས་པ་དེ་མི་བསྒྲིབ་ཐབས་མེད་དུ་གྱུར་ཡོད། འདི་ནི་ངས་སྔོན་ལ་རིགས་སྒྲུབ་བྱས་ཟིན་པའི“ཤེས་ཡོན་ཆག་སྐྱོན”དང“མི་གཤིས་ཆག་སྐྱོན”གྱི་གནད་དོན་དེ་གཉིས་ཡིན་ནོ།།


བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན།

གསུམ། སློབ་སྔོན་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་བར་གྱི་འབྲེལ་བ་གསལ་པོར་བྱེད་དགོས་པ།

    སློབ་སྔོན་སློབ་གསོའི་ངོ་བོ་ཅི་ཡིན་ཞེ་ན། འདིའི་ཐད་ལ་ད་ལྟ་གླེང་ཕྱོགས་ཁ་ཤས་ཡོད་པ་ནི། སློབ་སྔོན་སློབ་གསོ་ནི་བྱིས་པ་རྣམས་སློབ་ཆུང་གི་སློབ་གསོར་འཕྲོད་དུ་འཇུག་པ་སྟེ་སློབ་ཆུང་གི་སློབ་གསོ་མྱོང་བར་གྲ་སྒྲིག་བྱེད་རྒྱུ་དེ་ཡིན་ཟེར་བས།སློབ་སྔོན་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་བར་གྱི་འབྲེལ་བ་འདི་ནས་བྱུང་ཡོད་དེ། འདི་ནི་རྒྱལ་ཡོངས་སུ་སློབ་སྔོན་སློབ་གསོ་སྔོན་ལས་ཀྱང་མདུན་དུ་བསྙེགས་ནས་བྱིས་པ་ཁང་དེ་སློབ་ཆུང་ཅན་དུ་བསྒྱུར་བའི་གཞི་རྩའི་རྒྱུ་རྐྱེན་ཡིན།དོན་དངོས་སུ་འདི་ནི་སློབ་སྔོན་སློབ་གསོའི་ལྟ་ཚུལ་གྱི་གནད་དོན་གྱིས་གཏན་ལ་ཕབ་པ་ཞིག་ཡིན་ལ། སློབ་སྔོན་སློབ་གསོའི་ལྟ་ཚུལ་འདི་ནི་ད་ལྟའི་སློབ་གསོའི་ལམ་ལུགས་ཀྱིས་བྱིས་པའི་སློབ་གསོར་བསམ་གཞིག་གཏོང་བ་དང་། བྱིས་པའི་སློབ་གསོར་ཞིབ་བསྡུར་བྱེད་པ། བྱིས་པའི་སློབ་གསོར་ཚད་གཞི་འཇོག་པ་དེ་རེད། འདི་འདྲའི་སློབ་གསོའི་ལྟ་ཚུལ་དུ། དོན་དངོས་སུ་སློབ་སྔོན་སློབ་གསོ་དང་། བྱིས་པའི་སློབ་གསོ། བྱིས་པའི་ལྟོས་བཅས་ཀྱི་རང་རྐྱ་འཕེར་བའི་འཇིག་རྟེན་ཞིག་མེད་པ་རེད།

    ང་ཚོས་སྔོན་དུ་ཡང་དང་བསྐྱར་དུ་རིགས་སྒྲུབ་བྱས་ཡོད་པ་དེ་ནི། ཕྲུ་གུ་དང་བྱིས་པའི་དུས་སྐབས་ནི་མིའི་འཕེལ་རྒྱས་ཀྱི་ཐོག་མའི་དུས་རིམ་ཡིན་པ་དང། ལྟོས་བཅས་ཀྱི་རང་རྐྱ་འཕེར་བའི་དམིགས་བསལ་གྱི་འཇིག་རྟེན་ཞིག་ཡིན། ཕྲུ་གུ་དང་བྱིས་པ་ལ་ཕྲུ་གུ་དང་བྱིས་པ་རང་ངོས་ནས་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་ཡོད་ཅིང་།ཁོ(ཁོ་མོ)ཚོས་མཐོང་བའི་མི་དང་བྱ་དངོས་གང་ལའང་ཁོ་ཚོ་རང་ཉིད་ཀྱི་མིང་འདོགས་སྟངས་དང་། རང་ཉིད་ཀྱི་གདེང་འཇོག་བྱེད་ཚུལ་ཡོད། འདི་ནི་ལྷད་མེད་པའི་བྱིས་པའི་འཇིག་རྟེན་ཏེ་ཁྱད་མཚར་བའི་སྒྱུ་འཕྲུལ་དང་ངོ་མཚར་གྱིས་ཁེངས་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་རེད། དེས་ན་ང་ཚོའི་ཕྲུ་གུ་དང་བྱིས་པའི་སློབ་གསོ་ཡང་འདི་ལྟ་བུའི་འཇིག་རྟེན་དང་འཚམ་པ་དང་། ཕྲུ་གུ་དང་བྱིས་པ་རྣམས་དེ་འདྲའི་ངོ་མཚར་མཐའ་ཡས་པའི་བྱིས་སྒྲུང་གི་འཇིག་རྟེན་ཁྲོད་ཀྱི་འགྲོག་རོགས་དང་། མཉམ་སྤྱོད་བྱེད་མཁན། སྣེ་ཁྲིད་བྱེད་མཁན་ཞིག་ཏུ་འགྱུར་དགོས།

    དེའི་ཕྱིར། སློབ་སྔོན་སློབ་གསོ་ནི་ཕྲུ་གུ་དང་བྱིས་པའི་དུས་རིམ་གྱི་དམིགས་བཙུགས་ཀྱི་སློབ་གསོ་སྟེ། ཕྲུ་གུ་དང་བྱིས་པའི་རིག་སྟོབས་ཀྱི་རྒྱུ་རྐྱེན་སྣ་ཚོགས་པ་དང་རིག་སྟོབས་མ་ཡིན་པའི་རྒྱུ་རྐྱེན་དག(བརྩེ་དུང་། འདོད་བློ། གཤིས་ཀ ཉམས་འགྱུར)ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་རྒྱུ་རྐྱེན་ཡོད་ཚད་གསར་སྤེལ་བྱེད་པ་དང་།ཕྱོགས་ཡོངས་ནས་བློ་སྒོ་འབྱེད་པ། ཕྱོགས་ཡོངས་ནས་མགོ་འཛུགས་པའི་སློབ་གསོ་ཞིག་ཡིན་ནོ།།


བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བ་འགའི་གནད་དོན།

བཞི། ཁྱིམ་གྱི་སློབ་གསོ་དང་བྱིས་པ་ཁང་གི་སློབ་གསོའི་བར་གྱི་འབྲེལ་བ་གསལ་པོར་བྱེད་དགོས་པ།

    བྱིས་པ་འཕེལ་རྒྱས་ཀྱི་སེམས་ཁམས་ལ་ཞིབ་འཇུག་བྱས་པ་ལྟར་ན། ཕ་མ་དང་ཁ་བྲལ་བ་སྔ་དྲགས་པའི་ཕྲུ་གུ་དང་བྱིས་པ་རྣམས་མི་གཞན་དང་འབྲེལ་འདྲིས་ཡག་པོ་ཞིག་བྱེད་མི་ཐུབ་པ་དང་། རྩེད་མོ་རྩེ་རྒྱུར་སྐྲག་པ། ཉེན་ཁར་སྐྲག་པ། འཚོལ་ཞིབ་བྱེད་པར་སྐྲག་པ། ལུས་པོའི་ཕྱི་རོལ་གྱི་འཇིག་རྟེན་མཐོང་བར་སྐྲག་ཅིང་ཐ་ན་རང་ཉིད་ལའང་སྐྲག“ཡིད་ཆེས་བརྟན་པོ་བྱས་ཆོག་པ་ཞིག་ལ། སེམས་ཁམས་བདེ་ཐང་ཡོང་བའི་ཆེས་གཞི་རྩ་ནི་བྱིས་པ་དང་ཨ་མའི་བར་དྲོད་ཁོལ་འཛོམས་ཤིང་བརྩེ་འདང་ཆེ་བའི་འབྲེལ་བ་རྒྱུན་མི་ཆད་པ་ཞིག་ཡོད་འོས་པ་དེ་ཡིན། དེ་ལས་བྱིས་པ་རྣམས་ཀྱིས་ཡིད་ཚིམ་དང་སྤྲོ་སྐྱིད་རྙེད་ཐུབ།”“མི་ཞིག་སྔ་མོ་ནས་ཨ་མར་ཁ་འབྲལ་མི་ཕོད་པའི་ཞེན་ཆགས་ཤིག་སྐྱེ་ཐུབ་མེད་ཚེ། ཁོ(ཁོ་མོ)རང་ཕལ་ཆེར་ཞེན་ཆགས་ཀྱི་ནུས་པ་དཀོན་ལ་བློས་འགེལ་མི་རུང་བའི་མི་ཞིག་ཏུ་འགྱུར་ཞིང། འཇིག་རྟེན་གྱི་ཕའམ་མ་བཟང་པོ་ཞིག་ཏུའང་འཕེལ་རྒྱས་ཡོང་མི་ཐུབ།”⑥ཕྲུ་གུ་དང་བྱིས་པ་སྐྱེས་པའི་ཐོག་མའི་ལོ་འགའི་ནང་བུ་ཕྲུག་ཕ་མར་ཞེན་ཆགས་པ་ནི་མི་དེ་ལ་བདེ་ཐང་གི་སེམས་ཁམས་དང་གཤིས་རྒྱུད་ལེགས་པོ་གྲུབ་པ། སྤྱི་ཚོགས་དང་མི་གཞན་ལ་ཡིད་རྟོན་པའི་གནད་འགག་ཅིག་ཡིན་ཕྱིར། ཕྲུ་གུ་དང་བྱིས་པའི་ཐོག་མའི་སློབ་གསོ་དེ་ངེས་པར་དུ་ཨ་མའི་པང་ནས་མྱོང་རྒྱུ་སྟེ་ཨ་མའི་སློབ་གསོ་ཡིན་དགོས།

    ཡིན་ནའང་བསྙོན་དུ་མེད་པ་ཞིག་ནི་ཨ་མའི་སྤུས་ཚད་དང་། ཨ་མའི་གཤིས་ཀ། ཨ་མའི་ཆུ་ཚད་ལ་ཡང་ཁྱད་པར་ཆེ་ཞིང་། ཁྱད་པར་འདི་དག་ནི་སྐྱེ་རབས་སྔོན་མ་དག་གི་སྤུས་ཚད་ཀྱི་ཁྱད་པར་ཏེ། ཨ་མ་རང་གིས་སློབ་གསོ་མྱངས་པའི་གནས་ཚུལ་དང་དཔལ་འབྱོར་འཚོ་བའི་གནས་ཚུལ། སྤྱི་ཚོགས་གོ་གནས་ཀྱི་གནས་ཚུལ་བཅས་ལ་ཡང་འབྲེལ་བ་ཡོད། དེའི་ཕྱིར། མ་བུའི་བར་གྱི་ཞེན་ཆགས་ཚུལ་དང་། ཞེན་ཆགས་ཚད། ཞེན་ཆགས་པའི་འབྲས་བུ་བཅས་ལ་ཡང་ཁྱད་པར་ཡོད། སེམས་རྒྱུད་དྲང་ཞིང་བློ་ཁོག་ཡངས་ལ་ཞི་དུལ་ངང་འཇམ་ཤེས་རྒྱ་ཆེ་བའི་ཨ་མ་ཞིག་དང་། སེམས་རྒྱ་གུ་དོག་ཅིང་སྒེར་སེམས་དང་སྒྱིད་ལུག་ཆེ་བ། གཞན་ལ་ལྐོག་ནས་གནོད་སྐྱེལ་བ། ཡིན་མིན་གོ་ལྡོག་བྱེད་མཁན་གྱི་ཨ་མ་གཉིས་ཀྱིས་བསྐྱངས་པའི་བྱིས་པ་ནི་རྩ་བ་ཉིད་ནས་མི་འདྲ་སྟེ་བྱིས་པའི་རང་གཤིས་སྤྱི་ཚོགས་ཅན་དུ་བསྒྱུར་བའི་གནས་ཚུལ་མི་འདྲའོ།། གལ་ཏེ་བྱིས་པའི་རང་གཤིས་འགྲུབ་བཞིན་པ་དང་སྤྱི་ཚོགས་ཅན་དུ་བསྒྱུར་བའི་ཐོག་མའི་དུས་སྐབས་སུ་ངང་ཐུང་རྩུབ་སྤྱོད་དང་བརྩེ་སེམས་སྤུ་ཙམ་ཡང་མེད་པའི་ཨ་མ་ཞིག་ལ་ཕྲད་ཚེ། ཕ་མ་དང་བུ་ཕྲུག་བར་ཁ་འབྲལ་མི་ཕོད་པའི་ཞེན་ཆགས་སྐྱེ་རྒྱུ་དེ་མ་རབས་ཐ་ཤལ་དང་སྙིང་རྗེ་མེད་པ། ཐ་ན་ཡིད་མི་རྟོན་པ་དང་། དོགས་པ་སྐྱེ་བ། དགྲར་འཛིན་པ་ཞིག་ཏུ་འགྱུར་བས། ཕྲུ་གུ་དང་བྱིས་པའི་རང་གཤིས་གྲུབ་པ་དང་སྤྱི་ཚོགས་ཅན་དུ་བསྒྱུར་བར་ཤིན་ཏུ་གནོད་པ་ཆེའོ།།

    དེའི་ཕྱིར། ཨ་མར་སློབ་གསོ་གཏོང་རྒྱུ་ནི་བྱིས་པར་སློབ་གསོ་གཏོང་རྒྱུ་ལས་ཀྱང་ཧ་ཅང་གལ་ཆེ་ཞིང། ཨ་མའི་སློབ་གྲྭ་གཟུགས་རྒྱུ་ནི་བྱིས་པ་ཁང་གཟུགས་རྒྱུ་ལས་ཀྱང་གལ་ཆེའོ།། ཨ་མ་ཚང་མ་སེམས་རྒྱུད་བཟང་ཞིང་ལས་ལ་བརྩོན་པ། བློ་གྲོས་ལྡན་པ། བྱམས་བརྩེ་ལྡན་པའི་ཨ་མ་ཞིག་ཏུ་འགྱུར་དགོས་ན། མངལ་མ་སྦྲུམ་པའི་སྔོན་ལ་ཐོག་མར་སྦྲུམ་ལེགས་གསོ་ལེགས་ཀྱི་ཚན་རིག་གི་སློབ་གསོ་མྱངས་ནས་སྦྲུམ་ཆགས་པའི་དུས་ཀྱི་སེམས་ཁམས་སྙོམ་སྒྲིག་བྱེད་མཁས་ཤིང་མངལ་གནས་ཕྲུ་གུ་ལ་ཞི་འཇགས་དང་། དྲོད་འཇམ། བདེ་འཇགས་བཅས་ཡིན་པའི་མངལ་གནས་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་ལྡན་ན། ཚེ་སྲོག་གསར་པ་ཞིག་བལྟམས་མ་ཐག་ཀུན་སྤྱོད་ལེགས་ཤིང་མཛངས་མའི་ཡོན་ཏན་དང་ལྡན་པའི་ཨ་མ་ཞིག་ལ་ཕྲད་ནས་མ་བུ་ཁ་འབྲལ་མི་ཕོད་པའི་འབྲེལ་བ་ལེགས་པོ་ཞིག་འཛུགས་ཐུབ།

    ང་ཚོ་བོད་ཁུལ་གྱི་ས་ཁོངས་ཁོད་ཡངས་ཤིང་མི་གྲངས་འདུས་ཚད་ཧ་ཅང་ཆུང་ལ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་དེ་རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་དུ་ཡོད། སྡེ་པ་སོ་སོར་བྱིས་པ་ཁང་བཙུགས་ཀྱང་ཚད་ལྡན་གྱི་བྱིས་སྙོར་དགེ་རྒན་དགོས་པས། ཕྲུ་གུ་དང་བྱིས་པ་རྣམས་གཅིག་བསྡུས་ཀྱིས་གྲོང་རྡལ་དུ་བསྐྱལ་ན་རྫོང་རིམ་པའི་བྱིས་པ་ཁང་དུ་ཕར་སྐྱེལ་ཚུར་ལེན་བྱེད་རྒྱུ་དཀའ་ཁག་ཤིན་ཏུ་ཆེ་བར་མ་ཟད། སློབ་སྔོན་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་སློབ་གསོས་ཀྱང་ལོ4ཅན་དང་ལོ5ཅན་ལ་མ་གཏོགས་དོ་དམ་བྱེད་མི་ཐུབ་པས། མངལ་གནས་སློབ་གསོ་ནས་ལོ3དང་ལོ4བར་གྱི་སློབ་གསོ་དེ་ཨ་མའི་སློབ་གསོ་དང་ཁྱིམ་གྱི་སློབ་གསོར་མ་བརྟེན་པར་ཐབས་མེད། དེར་མ་ཟད་ང་ཚོས་ད་ལྟ་བོད་ཀྱི་ཕྲུ་གུ་དང་བྱིས་པའི་སློབ་གསོ་ལ་དངོས་སུ་འཚམ་པའི་བྱིས་པའི་དགེ་རྒན་གྱི་སློབ་གསོའི་མ་ལག་བཙུགས་མེད་པ་དང། སློབ་གཞི་འཛུགས་སྐྲུན་བྱས་མེད་པ། ཡང་དག་པ་དང་ཚན་རིག་དང་མཐུན་པའི་བོད་ཀྱི་ཕྲུ་གུ་དང་བྱིས་པའི་སློབ་གསོའི་ལྟ་ཚུལ་ཡང་ད་དུང་གྲུབ་མེད། འདི་འདྲའི་གནས་ཚུལ་འོག་ཁྱིམ་གྱི་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ་སློབ་སྲོལ་དང་ཁྱིམ་སྲོལ་སློབ་གསོའི་ཕྱོགས་ནས་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཚོལ་སྡུད་བྱེད་ཅིང་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱས་ན། འདི་ནི་རྨོངས་ཚོད་ཀྱིས་ཞིང་འབྲོག་ས་ཁུལ་གྱི་བྱིས་པ་ཁང་འཕེལ་རྒྱས་སུ་གཏོང་བ་དང་བསྡུར་ན་སྔར་ལས་བྱེ་བྲག་ཡིན་པ་དང། སྔར་ལས་དོན་ཆེ་བ། སྔར་ལས་དམངས་ལ་འབྲེལ་བ་ཞིག་རེད། འདི་ལ་ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་ཟེར།

    དེའི་ཕྱིར། བོད་ཁུལ་དུ་བྱིས་པའི་སློབ་གསོ་འཕེལ་རྒྱས་སུ་གཏོང་ན་གྲོང་རྡལ་དུ་བྱིས་པ་ཁང་འཛུགས་པ་དང་རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་གྱིས་ཁུལ་དང་རྫོང་རིམ་པར་ཨ་མའི་སློབ་གསོའི་སློབ་གྲྭ་བསྒྲུབ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། སྦྲུམ་མའི་གསོ་སྦྱོང་དང་ཁྱིམ་གྱི་སློབ་གསོའི་རྒྱུན་ཤེས་གསོ་སྦྱོང་སྤེལ་ནས་ཚན་རིག་དང་མཐུན་ཞིང་བློ་རིག་དང་ལྡན་པའི་སྒོ་ནས་བོད་ཁུལ་གྱི་བྱིས་པའི་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས།

    གོང་དུ་ང་ཚོས་ཕྱོགས་བཞི་ནས་བོད་ཁུལ་གྱི་སློབ་སྔོན་སློབ་གསོས་ངེས་པར་དུ་གསལ་པོར་བྱེད་དགོས་པའི་འབྲེལ་བའི་གནད་དོན་སྐོར་དབྱེ་ཞིབ་བགྱིས་ཡོད། ཁོ་བོས་བསམས་ན། ཡང་དག་པའི་སྒོ་ནས་ཕྱོགས་འདི་བཞི་པོའི་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་ལ་ཡང་དག་པའི་སྒོ་ནས་ཚད་གཞི་འཛིན་ཐུབ་པའི་སྔོན་འགྲོའི་གནད་དོན་ཡིན་སྙམ་མོ།།

འབར་ཁམས་སུ་ཕྱག་ལས་གནང་བཞིན་ཡོད།

②张文新、谷传华著创造力发展心理学 [M]安徽教育出版社 2004:67-68

③张文新、谷传华著创造力发展心理学[M]安徽教育出版社2004:162

④高玉祥著健全人格及其塑造 [M]北京师范大学出版社1997:1

⑤全国民委系统“六五”普法领导小组办公室,中国政法大学民族法研究中心编,《中华人民共和国民族区域自治法》第三十条,见《民族法规政策知识读本》[M]法律出版社 2012:218

⑥刘金花主编儿童发展心理学[M]华东师范大学出版社2013:251

ཡོང་ཁུངས། 《བོད་ཀྱི་སློབ་གསོ》༢༠༡༨ལོའི་ཟླ༥པའི་དེབ་ལས་དྲངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྐད་ཡིག་སྐྱོབ་པའི་ཐབས་བཅུ།
  • ལེ་ཚན་རྗེས་མ།:མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་བཞི་དང་དེ་དག་བར་གྱི་འབྲེལ་བ་ལ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།