མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་བཞི་དང་དེ་དག་བར་གྱི་འབྲེལ་བ་ལ་དཔྱད་པ།

དཔལ་ལྡན་ཉི་མ། འདབ་པ་བློ་བཟང་ཆོས་འཕེལ།        2019-05-05

   

མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་བཞི་དང་དེ་དག་བར་གྱི་འབྲེལ་བ་ལ་དཔྱད་པ།

   ནང་དོན་གནད་བསྡུས། མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་བ་ཆེན་པོ་བཞི་སྟེ། དད་པ་དང་དཔལ་འབྱོར། ཆབ་སྲིད། ཁྲིམས་ལུགས་བཅས་ཡིན། དད་པ་ནི་སྤྱི་ཚོགས་ཤིག་གི་སྲོག་ཤིང་གཞིར་གདན་ལྟར་གྲུབ་པར། དད་པས་སྤྱི་ཚོགས་དེ་གའི་ཆོས་ལུགས་སྒྲིག་གཞི་དང་ཆབ་སྲིད་སྒྲིག་གཞི། དཔལ་འབྱོར་སྒྲིག་གཞི། ཁྲིམས་ལུགས་སྒྲིག་སྲོལ་གྱི་ཆགས་ཚུལ་ལ་ཐད་ཀར་ནུས་ཤུགས་ཐེབས་ཡོད་པའོ།། འདིར་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་སོ་སོའི་ངོ་བོ་དང་གོ་གནས། ནུས་པ་སོགས་ཞིབ་མོས་ངང་བརྗོད་ཡོད་པ་དང་། དེ་དག་ཕན་ཚུན་བར་གྱི་འབྲེལ་བར་དཔྱད་པ་ཅུང་ཙམ་བྱས་ཡོད།  

   ཐ་སྙད་གཙོ་བོ། སྤྱི་ཚོགས་གྲུབ་ཚུལ། དད་པ། དཔལ་འབྱོར། ཆབ་སྲིད། ཁྲིམས་ལུགས། འབྲེལ་བ།

  རྩོམ་པ་པོ་ངོ་སྤྲོད། དཔལ་ལྡན་ཉི་མ། སི་ཁྲོན་དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་སློབ་གླིང་གི་གླིང་གཙོ། དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་སློབ་གསོ་རིག་པའི་གཞུང་ལུགས་དང་མི་རིགས་སློབ་གསོ་ཡིན། འདབ་པ་བློ་བཟང་ཆོས་འཕེལ། སི་ཁྲོན་དགེ་འོས་སློབ་ཆེན་སློབ་གསོ་ཚན་རིག་སློབ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མ། སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་མི་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོ་ཡིན།

 “སྤྱི་ཚོགས་རིག་པ(Sociology) ཞེས་པ་ནི་མིའི་རིགས་ཀྱི་འབྲེལ་ཡོད་ཀྱི་སྤྱི་ཚོགས་དེ་ཆ་ཚང་བའི་སྒོ་ནས་ཞིབ་འཇུག་བྱེད་པའི་རིག་པའོ།།”གཞན་མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པ། དཔལ་འབྱོར་རིག་པ། དངོས་ཁམས་རིག་པ་སོགས་ཀྱི་རིག་ཚན་དང་བསྡུར་ན་སྤྱི་ཚོགས་རིག་པ་ནི་རིག་ཚན་གསར་པ་ཞིག་ཡིན་ཞིང་།“ཧྥ་རན་སེའི་སྤྱི་ཚོགས་བསམ་བློ་བ་ཁང་སྡེས(孔德Auguste Comte,1798-1857)1838ལོར་སྤྱི་ཚོགས་རིག་པ་ཞེས་པའི་ཐ་སྙད་འདི་གསར་ཏུ་གཏོད་པ་ནས་སྤྱི་ཚོགས་ལ་ལྟ་ཞིབ་འབྲི་བརྗོད་ཀྱི་ཐབས་ལམ་གསར་པ་ཞིག་སྤྱོད་དེ་སྤྱི་ཚོགས་རིག་པ་ནི་གསར་བྱུང་གི་རིགས་གཞུང་རིག་ཚན་ཞིག་ཏུ་གྱུར།”དེ་ནས་བཟུང་ནུབ་ཕྱོགས་སུ་རིམ་བཞིན་དུ་སྤྱི་ཚོགས་རིག་པའི་རིགས་པའི་གཞུང་ལུགས་རབ་རིམ་དུ་དར་ཞིང་རྒྱས་པ་ལ། མདོར་བསྡུས་ན་ཉེ་རབས་ཀྱི་ནུབ་ཕྱོགས་སྤྱི་ཚོགས་རིག་པའི་མཁས་ཆེན་མི་བུ་གསུམ་གྱི་རིགས་པའི་གཞུང་ལུགས་ལས་མ་འདུས་པ་ཞིག་མེད་ཅེས་བརྗོད་ནའང་ཐལ་མི་ཆེ་བ་སྙམ། དེ་དག་གིས་རང་ངོས་སུ་སྤྱི་ཚོགས་རིམ་འབྱེད་ཀྱི་རིགས་གཞུང(社会分层理论)སྤེལ་ནས་སྤྱི་ཚོགས་འདྲ་མཉམ་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གླེང་པ་ལས། མར་ཁེ་སིས(马克思)དངོས་གཙོ་ལྟ་གྲུབ་སྨྲ་བ་གཞིར་བཟུང་ནས་སྤྱི་ཚོགས་འདྲ་མཉམ་མིན་པའི་རྒྱུ་རྐྱེན་གཙོ་བོ་རྒྱུ་ནོར་དཔལ་འབྱོར་ལ་ཁོངས་གཏུགས་ཤིང་། འབྱོར་མེད་གྲལ་རིམ་གྱིས་རྡོག་རྩ་གཅིག་སྒྲིལ་བྱེད་དེ་འབྱོར་ལྡན་གྲལ་རིམ་མེད་བརླག་ཏུ་གཏོང་དུས་སྤྱི་ཚོགས་འདྲ་མཉམ་ཡོང་བར་ཡིད་ཆེས་ཏེ། འབྱོར་ལྡན་གྲལ་རིམ་ལ་མཐའ་གཅིག་ཏུ་དགག་པ་རྒྱག་པར་མ་ཟད། འབྱོར་མེད་གྲལ་རིམ་གྱིས་གསར་བརྗེ་བྱེད་དེ་རྒྱལ་ཁ་བརྩོན་ལེན་གནང་བར་སྐུལ་མ་གཏོང་བས། རིག་གཞུང་ཉམས་ཞིབ་པས་མར་ཁེ་སིའི་རིགས་གཞུང་དེ་དགག་རྒྱག་རིང་ལུགས(批评主义)ཀྱི་ཁོངས་སུ་བསྡུས་པའོ།། ཝེ་པོ(韦伯)འཚོ་བཞེས་བྱེད་པའི་དུས་ཚོད་ནི་མར་ཁེ་སི་ལས་ཅུང་འཕྱིས་པར། ཁོང་གིས་མར་ཁེ་སིའི་རིགས་གཞུང་ཆ་ཚང་དང་དུ་བླངས་མེད། དེ་ལས་འོས་འཚམས་ཀྱི་ལྟ་བ་ཁ་ཤས་དང་ལེན་བྱས་རུང་སྤྱི་ཚོགས་འདྲ་མཉམ་མི་ཡོང་བའི་རྒྱུ་རྐྱེན་དང་ལངས་ཕྱོགས་སྦེད་དེ་ཁ་ཁ་རུ་གྱུར་འདུག ཝེ་པོས་མི་སྒེར་གྱི་རང་ངོས་ཀྱི་འདོད་བློ་དེ་སྤྱི་ཚོགས་རིམ་འབྱེད་ཀྱི་བགྲོ་གླེང་བྱེད་སའི་གཞིར་བཟུང་ཞིང་། “ཟབ་ནན་གྱིས་མི་སྒེར་སོ་སོ་བའི་བློ་རིག་ཏུ་འཇུག་པ་ལ་བརྒྱུད་ནས། སྤྱི་ཚོགས་ཡོངས་ཀྱི་འགུལ་བསྐྱོད་བྱེད་པའི་ཀུན་སློང་དེ་ལ་ཁ་ལོ་སྒྱུར་བ”ཞེས་གསུངས། འདིས་མི་ཆོས་རིང་ལུགས(人文主义)ཀྱི་རིགས་གཞུང་དུ་ཕྱོགས་པའི་རྩ་བའི་ཁྱད་ཆོས་བཏོན་ཡོད། ཝེ་པོས་རིན་ཐང་བར་གནས(价值中立)ཀྱི་ལྟ་སྟངས་བཟུང་ནས་མར་ཁེ་སིས་དཔལ་འབྱོར་ལ་བརྟེན་ནས་སྤྱི་ཚོགས་གྲལ་རིམ་བགོས་པའི་རིགས་གཞུང་ལྟ་བ་དེ་ལ་ཁས་བླངས་རུང་།“སྤྱི་ཚོགས་འདྲ་མཉམ་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དཔལ་འབྱོར་ཁོ་ན་ཙམ་མིན་པར། དགོས་མཁོའི་ཐད་ནས་སྤྱི་ཚོགས་ཀྱི་མི་བུ་སོ་སོའི་འདུ་ཤེས་དང་འདོད་བློར་བརྟེན་ནས་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་ཡོད།”མར་ཁེ་སིས་མིའི་རིགས་གྲལ་རིམ་མེད་པའི་སྤྱི་ཚོགས་སུ་སླེབས་དུས་འཛམ་གླིང་ཐམས་ཅད་སྤྱི་ཚོགས་རྫོགས་ལྡན་ཅན་དུ་གྱུར་བའི་ཐོན་སྐྱེད་ཆེན་པོའི་དུས་རིམ་ཞིག་སླེབས་པས། རྒྱལ་ཁབ་དང་སྲིད་ཏང་། རྒྱུ་ནོར་ཐད་ཀྱི་བང་རིམ(等级)མེད་པར་ཆགས་འགྲོ་བར་འདོད། ཝེ་པོས་དེ་བཞིན་དུ་སྤྱི་ཚོགས་སུ་གྲལ་རིམ་མེད་པར་ཆགས་འགྲོ་བར་འདོད་ཀྱང་། མི་དང་མི་བར་གྱི་བང་རིམ་དེ་ནམ་ཡང་ཡོད་སྲིད་པར་འདོད་དེ།“སྤྱི་ཚོགས་དེ་ཅི་འདྲ་འདྲར་གུ་ཡངས་པ་དང་སྟབས་བདེ་རུང་། དེ་འདྲ་འདྲར་སྤྱི་ཚོགས་ཀྱི་གོ་གནས་སྒྲིག་ལམ་དེར་སྒྲིག་རིམ་ལྟར་གྱི་བང་རིམ་རིགས་ཤིག་གནས་ངེས་པར། བང་རིམ་འདིའི་ནང་དུ་རིགས་ཚོགས(群体)སོ་སོར་དེ་ཉིད་དང་འཚམས་པའི་གཏན་ལ་འབེབས་པའི་གནས་ཡུལ་ཞིག་ཡོད།”དེར་བརྟེན་གྲལ་རིམ་མེད་པར་བྱ་ཆོག་རུང་། བང་རིམ་ནི་དུས་གཏན་དུ་གནས་པར་འདོད། མར་ཁེ་སི་དང་ཝེ་པོ་གཉིས་ཀྱི་ལྟ་བ་དང་བསྡུར་ན་ཐུའུ་འར་གན(涂尔干)གྱིས་སྤྱི་ཚོགས་རིམ་འབྱེད་རིགས་གཞུང་ཐད་ཀར་བརྗོད་མེད་པར། ཁོང་གི་བསམ་བློ་རྒྱུད་འཛིན་པ་ཕཱ་སེན་སི(帕森斯Talcott Parsons,1902-1979)ལ་སོགས་པས་དར་སྤེལ་བཏང་སྟེ། རྩོལ་ནུས་རིང་ལུགས(功能主义)ཀྱི་རིམ་འབྱེད་རིགས་གཞུང་གིས་སྤྱི་ཚོགས་རིམ་འབྱེད་ཀྱི་རིགས་གཞུང་སྒོ་འབྱེད་པ་ཡིན། ཐུའུ་འར་གན་གྱི་རིག་གཞུང་དུ་འདྲ་མཉམ་མིན་པ་ཞེས་པའི་གོ་དོན་དེ་གསལ་པོ་བཏོན་ཡོད། ཁོང་ནི་དངོས་དཔང་རིང་ལུགས(实证主义)ཀྱི་རིགས་གཞུང་གི་མཚོན་བྱེད་མི་སྣ་ཡིན་པས་སྤྱི་ཚོགས་སྤྱིའི་གྲུབ་ཚུལ་ལ་གཞིར་བཟུང་སྟེ་ལྟ་ཞིབ་བྱས་ཡོད་དེ། དངོས་དཔང་རིང་ལུགས་པར་མཚོན་ན་སྤྱི་ཚོགས་རིམ་འབྱེད་ནི་རང་རྐྱ་བའི་གནད་དོན་ཞིག་མིན་པར། སྤྱི་ཚོགས་སྤྱིའི་གྲུབ་ཚུལ་དང་ཐད་ཀར་འབྲེལ་ཡོད། ཐུའུ་འར་གན་གྱིས་སྤྱི་ཚོགས་ལས་བགོས་(社会分工)ཀྱི་ཕྱོགས་སུ་བཟུང་སྟེ་སྤྱི་ཚོགས་རིམ་འབྱེད་གནད་དོན་ལ་ལྟ་ཞིབ་གནང་ཡོད། ཁོང་གི་བཞེད་པ་ལྟར་ན། སྤྱི་ཚོགས་གྲུབ་ཚུལ་གྱི་རྣམ་པས་ཐད་ཀ་ནས་རིམ་འབྱེད་གནས་ཚུལ་དེ་གཏན་འབེབས་བྱེད་པ་ཡིན་པས། སྤྱི་ཚོགས་ལས་བགོས་དེ་ཇི་ལྟར་ཞིབ་ཅིང་ཕྲ་ན། མི་དང་མིའི་བར་དེ་བཞིན་དུ་ལས་སླ་མོས་འདྲ་མཉམ་ངང་འགན་ཆིངས་བཞག་ནས་འདྲ་མཉམ་དེ་མངོན་དུ་འགྱུར་འགྲོ་བ་དེས་དངོས་དཔང་རིང་ལུགས་ཀྱི་མིག་རྒྱང་གིས་སྤྱི་ཚོགས་སུ་བང་རིམ་དེ་མེད་པ་གྱུར་པ་ལ་སེལ་བའི་ཐབས་ལམ་གསར་པ་ཞིག་བཏོན་སོང་། མདོར་ན་གོང་དུ་བརྗོད་པའི་སྤྱི་ཚོགས་རིག་པ་སྨྲ་བའི་སྐྱེས་ཆེན་དག་གི་རིག་གཞུང་ལས་རྟོགས་པ་ག་འདྲ་ཞིག་སྐྱེས་ཡོད་ཅེ་ན། སྤྱི་ཚོགས་ཐོག་ཏུ་མི་དང་མིའི་བར་བང་རིམ་ཞིག་ཆགས་ཡོད་པས། སོ་སོས་རང་ངོས་སུ་གནད་དོན་དེ་ཐག་གཅོད་བྱེད་ཚུལ་གྱི་ལྟ་དགོངས་ཟབ་མོ་བཏོན་པ་ལ། མར་ཁེ་སིས་སྤྱི་ཚོགས་འདྲ་མཉམ་ཡོང་དགོས་ན་གྲལ་རིམ་མེད་པར་བཟོས་དགོས་པར་འདོད། ཝེ་པོས་སྤྱི་ཚོགས་ཐོག་ཏུ་བང་རིམ་དེ་ནམ་ཡང་གནས་སྲིད་པ་ལ། གལ་སྲིད་དེའི་ཕྱོགས་སུ་བརྩོན་པ་བྱ་དགོས་ན། མི་སྒེར་གྱི་འདུ་ཤེས་དང་འདོད་བློར་ཞིབ་འཇུག་བྱེད་དགོས་པར་འདོད། ཐུའུ་འར་གན་གྱིས་སྤྱི་ཚོགས་ལས་བགོས་སྤུས་དག་གིས་སྤྱི་ཚོགས་ཁྲོད་ཀྱི་བང་རིམ་དེ་སེལ་ཐུབ་པར་འདོད་དོ།། ཁོང་རྣམ་པས་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་གནད་དོན་སེལ་ཐབས་ལ་ཉམས་ཞིབ་བྱས་པ་ལས། མིའི་རིགས་ཀྱི་སྤྱིའི་སྤྱི་ཚོགས་གྲུབ་ཚུལ་གྱི་རྐྱེན་གཙོ་བོ་གང་རུང་འདུས་པ་དང་། དེའི་ཕྱོགས་སུ་སྤྱི་ཚོགས་གནད་དོན་སེལ་ཚུལ་གྱི་གླེང་མོལ་རྒྱས་པ་བྱེད་མེད་པར་འདོད། 

  དེས་ན་སྐབས་སུ་བབ་པར། རང་རེའི་བརྗོད་བྱ་གཙོ་བོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ(Social structure社会结构)གྱི་ཀ་ཆེན་བཞི་དང་དེ་དག་བར་གྱི་འབྲེལ་བ་ཡིན་ལགས། མི་རིགས་སུ་ཞིག ས་ཆ་གང་དེ་ལ་འཚོ་བཞེས་བྱེད་རུང་། སྤྱི་ཚོགས་ཤིག་ཡིན་པའི་དབང་དུ་གཏོང་ན། དེར་གྲུབ་ཚུལ་ཞིག་ཡོད་ངེས། སྤྱི་ཚོགས་ཞེས་པ་ནི་ངེས་གཏན་གྱི་གྲུབ་ཚུལ་གྱིས་གྲུབ་པའི་མི་ཕན་ཚུན་བར་དུ་གཅིག་རོགས་གཅིག་བརྟེན་སྟེ་མི་འབོར་ཆེན་འདུ་འཛོམས་ཀྱི་ཚོགས་སྤྱི(集合) ཞིག་ཡིན།  ཚོགས་སྤྱི་ཞེས་པའི་ཐ་སྙད་དེ་ལས་སླ་མོ་ཞིག་མ་ཡིན་པར། དཔེར་ན། མེ་འཁོར་ས་ཚུགས་ཀྱི་མི་ཚོགས་དེར་ཚོགས་སྤྱི་ཟེར་མི་རུང་། རླངས་འཁོར་ས་ཚུགས་ཀྱི་འགྲུལ་བཞུད་མི་ཚོགས་དང་གནམ་གྲུ་འབབ་ཚུགས་ཀྱི་འགྲུལ་བཞུད་མི་ཚོགས་དེ་དག་ལའང་ཚོགས་སྤྱི་ཟེར་མི་རུང་། ངེས་གཏན་གྱི་འཚོ་བཞེས་འབྲེལ་བ་ཆགས་པའི་མི་འབོར་འདུ་འཛོམས་ལ་གཟོད་ནས་ཚོགས་སྤྱི་ཞེས་འབོད་ཆོག དེས་ན་འཚོ་བཞེས་ཀྱི་འབྲེལ་བ་ནང་དུ་འབྲེལ་བ་གནས་ཡོད་པར། འདྲ་མཉམ་དང་བང་རིམ་གནས་ཡོད་པས། དེ་ལུགས་སུ་རིགས་དབྱིབས་མི་འདྲ་བའི་སྤྱི་ཚོགས་གྲུབ་པའོ། ། འདྲ་མཉམ་དང་བང་རིམ་གྱི་སྤྱི་ཚོགས་སམ་འདྲ་མཉམ་དང་བང་རིམ་གྱི་ཚོགས་སྤྱི་གང་ཞིག་ཡིན་རུང་། དེ་ཉིད་ནི་འཚོ་བཞེས་ཀྱི་ཁོར་ཡུག་དང་རང་བྱུང་ཁོར་ཡུག མི་ཚོགས་ནང་ཁུལ་གྱི་ཤེས་བྱ་དང་ཤེས་རབ་ཕན་ཚུན་བར་དུ་ཕན་ནུས་ཐེབས་པའི་མཇུག་འབྲས་སོ།།

  མིའི་རིགས་ཀྱི་སྤྱི་ཚོགས་དེ་ནི་མི་རྣམས་ཀྱིས་འཚོ་བཞེས་ཀྱི་དོན་དུ་མི་དང་མི། ཁྱིམ་ཚང་དང་ཁྱིམ་ཚང། རིགས་ཚོགས་དང་རིགས་ཚོགས་ཕན་ཚུན་བར་གཅིག་ཏུ་གྲུབ་པའི་ཚོགས་སྤྱི་ཞིག་རེད་འདུག ཚོགས་སྤྱི་དེར་ཐུན་མོང་ངོ་བོ་གཅིག་པའི་སྟོབས་ཤུགས་ཀྱི་ཁྱད་ཆོས་དང་རིན་ཐང་ལྡན་པར། སྐབས་བསྟུན་གྱི་ཁོར་ཡུག་དགོས་མཁོ་ལས་བྱུང་བའི་སྐྱེ་ལྡན་རིགས་ཚོགས(有机的群体)ཤིག་ཡིན། གང་ལྟར་ཚོགས་སྤྱི་དེའི་ནང་སྤྱི་ཚོགས་ཀྱི་རིགས་སུ་རྣམ་པ་འདྲ་མཉམ་དང་། ཡང་ན་བང་རིམ་ཅན་ག་འདྲ་ཞིག་ཡིན་ནའང་། དེ་ལ་དེ་ལུགས་སུ་རྩ་བའི་ཀ་བ་ཆེན་པོ་བཞིས་སྤྱི་ཚོགས་དེ་ཡར་འདེགས་ནས་གྲུབ་ཡོད།

དང་པོ། སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་བ་དད་པ་གླེང་བ།

  དད་པའི་ཀ་བ་ནི་སྤྱི་ཚོགས་གང་རུང་ཞིག་གྲུབ་པའི་སྲོག་ཤིང་གི་ཀ་ཆེན་དུ་གྱུར་ཡོད་ལ། ཀ་བ་འདིས་འགྲོ་བ་མི་ཅི་ཕྱིར་ཏུ་སྐྱེ་དགོས་པ་དང་འཆི་དགོས་པ་ལ་བསམ་གཞིག་གནང་བ་དང་། མི་རྣམས་ཀྱིས་བྱ་བ་སྤྱོད་པ་དང་འབྲེལ་འདྲིས་ཇི་ལྟར་བྱེད་པ། རང་བྱུང་ཁམས་དང་འབྲེལ་བ་ཇི་ལྟར་ཚུགས་པ། མ་འོངས་པའི་རྗེས་རབས་ཇི་ལྟར་སྐྱོང་པ། རྒན་གོག་དང་དབང་པོ་སྐྱོན་ཅན་གྱི་མི་ནུས་མེད་དག་ལ་ཇི་ལྟར་ལྟ་སྐྱོང་གནང་བ་དང་བཅས་པའི་རིན་ཐང་ལྟ་ཚུལ་ལ་མཛུབ་ཁྲིད་བྱེད་པ་ཡིན་ཏེ། རིན་ཐང་ལྟ་ཚུལ་མི་འདྲ་བ་ནི་ཚེ་སྲོག་ལ་གོ་བ་ལེན་སྟངས་མི་འདྲ་བ་དང་དད་པ་མི་འདྲ་བ་ལས་བྱུང་། དད་པ་ཞེས་པ་ནི་རང་བྱུང་ཁམས་དང་མི། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་འདྲིས་བརྗེ་རེས་ཁྲོད་དུ་བྱུང་བར། འབྲེལ་འདྲིས་བརྗེ་རེས་བྱེད་པའི་བརྒྱུད་རིམ་དུ་གསོག་འཇོག་བྱས་པའི་རང་བྱུང་ཁམས་ཆེན་པོའི་ནང་མིའི་རིགས་རང་ཉིད་ཀྱི་གོ་གནས་ལ་གོ་བ་ལེན་ཚུལ་དེའོ།། དེས་མི་ཅི་ཕྱིར་ཏུ་སྐྱེ་འཆི་བྱེད་དགོས་པར་ཐད་ཀས་གདོང་གཏད་ནས་ལན་འདེབས་པ་ཡིན་པས། དད་པ་ནི་སྤྱི་ཚོགས་ཤིག་གི་སྲོག་ཤིང་ཡིན་པར་བརྗོད། དད་པ་ལ་ཞབས་ཞུ་བྱེད་མཁན་གྱི་མི་ཚོགས་ལ་སྤྱི་ཚོགས་ཐོག་ཏུ་རྩ་འཛུགས་ལས་ཁུངས་ཤིག་ཡོད་དེ་ཆེད་དུ་དད་པ་ལ་ཞབས་ཞུ་གནང་བ་རེད། རྩ་འཛུགས་ལས་ཁུངས་དེ་ལ་ཆོས་ལུགས་ཞེས་བརྗོད་པ་ཡིན། ཆོས་ལུགས་ནི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་པས་སྤྱི་ཚོགས་རིག་པའི་ཁུངས་སུ་གཏོགས་པ་དང་། དད་པ་ནི་སེམས་ཁམས་གནད་དོན་ཞིག་ཡིན་པས་སེམས་ཁམས་རིག་པའི་ཁུངས་སུ་གཏོགས་པས། དད་པ་ནི་མིའི་སེམས་ཁམས་ཀྱིས་སྐྱེ་བ་དང་འཆི་བ་སོགས་ལ་གོ་བ་ལེན་སྟངས་ཀྱི་ངང་ཚུལ་དེ་ལ་ཟེར། དེས་ན། དད་པ་དང་ཆོས་ལུགས་ནི་ཐ་དད་དུ་གནས་ཡོད་པས་དད་པ་དེ་ཆོས་ལུགས་སུ་འཁྲུལ་མི་རུང་ལ་ཆོས་ལུགས་དེ་ཡང་དད་པ་ལས་ལོགས་སུ་བཀར་ཡོད་པ། ཆོས་ལུགས་ནི་དད་པ་ལ་ཞབས་ཞུ་བྱེད་པའི་རྩ་འཛུགས་ལས་ཁུངས་ཡིན་པས། དེས་དད་པར་ཞབས་ཞུ་བྱེད་པ་ལ་བརྟེན་ནས་འཚོ་གནས་བྱེད་པ་དང་། ཆོས་ལུགས་ཀྱི་བྱ་བ་སྒྲུབ་མཁན་ལ་ཆོས་ལུགས་མི་སྣའམ་ཆོས་གཉེར་མི་སྣ་ཞེས་བརྗོད་པ། རྒྱུ་མཚན་དེའི་ཕྱིར་ཏུ་དད་པ་ནི་ཆོས་ལུགས་ཀྱི་ཞབས་ཞུ་བརྒྱུད་དེ་གནས་ཐུབ་པ་དང་བློ་ཡིད་ཚིམ་ཐུབ་པ་མ་ཟད། ཕ་ཁྱིམ་དྲོན་མོ་ལ་སླེབས་པ་ཇི་བཞིན་དུ་གནས་བཅོལ་ཐུབ་པའོ། ། དེ་བཞིན་དུ། དད་པ་ནི་ཆོས་ལུགས་ཀྱིས་ཚོད་འཛིན་འོག་ཏུ་མ་འོངས་རྗེས་རབས་པའི་དད་པ་ཡང་སྔ་རབས་པའི་དད་པ་ལྟར་དུ་རྒྱུན་འཁྱོངས་བྱེད་པའི་ངང་ཚུལ་དུ་གནས་སྲིད། ཡང་ན་ཆོས་ལུགས་རྩ་འཛུགས་ལ་ཞབས་ཞུ་གནང་བའི་ཆོས་ལུགས་མི་སྣ་ཡི་རེ་འདུན་ལྟར་དུ་བློ་ཁར་བསྒྱུར་སྲིད། དེ་བས་ཆོས་ལུགས་ལ་ཆེད་ལས་ཀྱི་མི་དང་གཏན་ཁེལ་གྱི་ས་གནས། གཏན་ཁེལ་གྱི་དུས་ཚོད་དང་འཛེམ་པ་སོགས་ཡོད། དེ་དག་གནས་པའི་དམིགས་ཡུལ་ནི་གཉིས་ལས་མ་མཆིས་ཏེ། ཡང་ན་དད་པ་ལ་ཞབས་ཞུ་གནང་བ་དང་། ཡང་ན་དད་པ་ལ་ཚོད་འཛིན་བྱེད་པའོ།། ཅི་ཕྱིར་དུ་དད་པ་ལ་ཚོད་འཛིན་བྱེད་པ་ཡིན་ཞེ་ན། རྒྱུ་མཚན་ནི་ཆོས་ལུགས་རྩ་འཛུགས་དེ་མི་བུ་ཚོགས་པ་ཞིག་གིས་འཁོར་སྐྱོད་བྱེད་དུ་བཅུག་དགོས་པ་ཡིན་པས། མི་བུ་ཚོགས་པ་དེ་དག་གིས་རང་སྒེར་གྱི་ཁེ་ཕན་ལ་དམིགས་ནས་དད་པ་ལ་འགྲེལ་བརྗོད་ཁ་ཁ་ཞིག་རྒྱག་སྲིད། འགྲེལ་བརྗོད་ཁ་ཁ་དེ་ནི་ཁོང་ཚོ་རང་ཉིད་ཀྱི་དགོས་མཁོ་དང་རེ་འདུན་ལྟར་དུ་ཇུས་འགོད་བྱས་པ་ཡིན་ལ། དེ་ནི་སེམས་པའི་ཕུགས་སུ་གནས་པའི་བག་ཆགས་དབང་གིས་སོ།།

    དད་པ་ལ་མི་ཆོས་དང་ལྷ་ཆོས་གཉིས་སུ་དབྱེ་བ་སྟེ། ལྷ་ཆོས་ཀྱི་དད་པ་ནི་ཚེ་སྲོག་དེ་ཕུང་པོ་ཙམ་མ་ཚད། རྣམ་ཤེས་ཡོད་པ་ལ་ཡིད་ཆེས་ཤིང་། རྣམ་ཤེས་ནི་ཚེ་སྲོག་གི་འབྱུང་ཁུངས་དང་། ལུས་ཕུང་ནི་ཚེ་སྲོག་གི་བརྒྱུད་རིམ་ཞིག་ཏུ་འཛིན་པའོ།། ལྷ་ཆོས་དད་པའི་མི་རྣམས་ཀྱིས་ཚེ་སྲོག་གི་ཕྱོགས་དུས(时空)ལ་བསམ་གཞིག་བྱེད་དུས་ཕུང་པོའི་ཚད་ཙམ་ལས་བརྒལ་པར་གྱུར། དེ་བས། ཕྱོགས་རེ་འགའ་ནས་བཤད་ན། དེ་ལས་ཐོན་པའི་རིན་ཐང་ལྟ་ཚུལ་དང་དགོས་མཁོ། བརྩེ་དུང་བཅས་ཀྱང་ཕུང་པོ་ཙམ་ལས་བརྒལ་ཡོད་པར། ཚད་བརྒལ་འདི་ལ་ལེགས་ཆ་ཡོད་ལ་ཉེས་ཆ་ཡང་ཡོད་དེ། ལེགས་ཆ་ནི་མི་རྣམས་ཀྱིས་རང་ཉིད་ཀྱི་བྱ་བ་སྤྱོད་པའི་ཕྱོགས་དུས་ལ་གོ་བ་རྒྱ་ཆེན་པོ་ཞིག་ལེན་ཐུབ་པར། བྱ་བ་སྒྲུབ་རྒྱུ་ཡི་དམིགས་ཡུལ་ཡང་མིག་སྔ་ཙམ་མིན་པར་མ་འོངས་པ་ལ་ཁ་ཕྱོགས་ཐུབ་པའོ།། དེའི་ཉེས་ཆ་ནི་སྐབས་རེར་ད་སྐབས་ཀྱི་ལུས་ཕུང་ལ་ལྟ་སྐྱོང་ཡག་པོ་མི་བྱེད་པ། མདོར་ན་ནི་ད་སྐབས་ཀྱི་ཚེ་སྲོག་ལ་དོ་སྣང་ཆེན་པོ་མེད་པས། ཆོས་ལུགས་རྩ་འཛུགས་མང་པོ་སྟེ། དཔེར་ན་ཡེ་ཤུའི་ཆོས་ལུགས་དང་། དབྱི་སི་ལན་གྱི་ཆོས་ལུགས། སངས་རྒྱས་ཆོས་ལུགས་སོགས་ལ་ཆེད་དུ་ད་སྐབས་དངོས་ཡོད་ཀྱི་ཚེ་སྲོག་ལ་ཐུགས་འཁུར་གཅེས་སྐྱོང་དང་གྲོན་ཆུང་འཕྲོ་བརླག་མི་གཏོང་པའི་བཀའ་ལུང་ཡོད་པའོ།། མི་ཆོས་སམ་མི་ཆོས་ཀྱི་དད་པ་ཞེས་པ་ནི་ཚེ་སྲོག་གི་ཕྱོགས་དུས་དེ་རང་ཉིད་ཀྱིས་མྱོང་ཐུབ་པའི་དངོས་ཡོད་འཇིག་རྟེན་དང་དངོས་ཡོད་སྤྱི་ཚོགས་ལས་བརྒལ་མེད་པ། རྒྱུ་མཚན་དེས་ན་མི་ཆོས་དད་པའི་མི་རྣམས་ཀྱིས་ལས་སྒྲུབ་དང་འབད་བརྩོན་མཐའ་དག་ནི་སྐབས་བབ་ཀྱི་ཚོར་བ་ལ་དོ་ཁུར་དང་བརྩི་མཐོང་བྱེད་པ་དེ་ཡིན་ཞིང་། དེའི་ཉེས་ཆ་ནི་རང་ཉིད་ཀྱི་ཚེ་སྲོག་ལས་བརྒལ་བའི་མ་འོངས་པ་ལ་ཐུགས་འཁུར་ཉུང་བ། དོན་དངོས་སུ་དད་པ་ལ་ཞབས་ཞུ་བྱེད་བཞིན་པའི་རྩ་འཛུགས་ལས་ཁུངས་ཀྱང་ཆོས་ལུགས་རེད། ཡིན་ན་ཡང་མི་རྣམས་ཀྱིས་རྒྱུན་ལྡན་དུ་ཆོས་ལུགས་དེ་ཉིད་ཀྱི་དོན་སྙིང་སྟེ་བཀའ་ལུང་དང་འཛེམ་པའམ་འདུལ་ཁྲིམས་སོགས་སྣང་མེད་དུ་གཏོང་བ། དེས་ན་མི་ཆོས་དད་པའི་རྩ་འཛུགས་ལས་ཁུངས་དེ་རྒྱ་ནག་ཏུ་ཆོས་ལུགས་སུ་བརྗོད་དུ་མེད་ཀྱང་། དོན་དངོས་སུ་དེ་ནི་ཁེ་ཕན་གྱི་ཚོགས་སྤྱི་མི་འདྲ་བ་སྟེ། སྐབས་བབ་ཀྱི་ཁེ་ཕན་ཚོགས་སྤྱིའམ་ལུས་ཕུང་རེག་བྱའི་ཁེ་ཕན་ཚོགས་སྤྱི་མི་འདྲ་བ་ལས་གྲུབ་པའི་རྩ་འཛུགས་དེ་ལ་ངོས་འཛིན་དགོས་ཤིང་། ཐུན་མོང་གི་ཁེ་ཕན་དེ་ལ་ཞབས་ཞུ་བྱེད་མཁན་གྱི་ཆོས་གཉེར་མི་སྣ་རྣམས་ལའང་ཆོས་ལུགས་མི་སྣ་ཞེས་བརྗོད་དུ་མེད་ནའང་། དོན་དུ་ཁོང་ཚོས་མི་ཆོས་དད་པའི་ཆེད་དུ་ཞབས་ཞུ་དང་འཚོ་གནས་བྱེད་བཞིན་པ་ལགས་སོ།།

   མདོར་ན་ཆོས་ལུགས་རྩ་འཛུགས་ནི་གོང་དུ་བརྗོད་པ་ལྟར། ཚད་ལྡན་འགྱུར་བ་དང་དད་པའི་ཆེད་དུ། དད་ལྡན་མི་སྣ་ལ་གཏན་ཁེལ་གྱི་ས་གནས་དང་། རིགས་གཞུང་རྒྱབ་བརྟེན་ནམ་དད་པའི་ལུང་དང་རིག་པ། སེམས་ཁམས་ཕྱིར་མངོན་པ་དང་སེམས་གསོ་ཐེབས་ཐུབ་པ་བཅས་མཁོ་འདོན་བྱེད་པར་མ་ཟད། དགོས་གལ་ཆེ་བའི་དོན་གནད་ཞིག་ནི་མིའི་རིགས་ཀྱི་ཚེ་སྲོག་གི་ཡོང་ལུགས་ཡོང་ཁུངས་ལ་བརྟག་ཞིབ་བྱེད་པ་དེའོ།། གལ་སྲིད་རྩ་འཛུགས་འདི་ཉིད་ཀྱི་རིགས་གཞུང་བོར་སོང་ན། གཏིང་ཟབ་ཟབ་ངང་ཚེ་སྲོག་ལ་ལོན་པའི་གོ་བ་དང་ངོས་འཛིན་དེ་ཉིད་ཀྱང་བོར་སོང་བ་ཡིན། དེ་བས་འོག་ཏུ་བརྗོད་པའི་རྩ་འཛུགས་ལས་ཁུངས་མཐའ་དག་ལ་མི་འདང་ས་ཆེན་པོ་ཞིག་ཐེབས་ངེས། རྒྱུ་མཚན་གང་ཞེ་ན། སྤྱི་ཚོགས་སུ་གནས་པའི་མི་སུ་དང་གང་ཡིན་ཡང་མི་དེའི་བྱ་སྤྱོད་དང་མི་དེའི་སེམས་རྒྱ། མི་དེའི་གཤིས་ཀ། བརྩེ་དུང་། བདེ་སྡུག་མཐའ་དག་མི་དེའི་དད་པ་ལ་རག་ལས་པས་སོ།། དེར་བརྟེན་སྤྱི་ཚོགས་ཐོག་ཏུ་མཁས་པ་རྩེ་གྲས་གང་མང་ཞིག་གིས་ཚེ་སྲོག་ཅེས་པ་དང་། སྐྱེ་འཆིའི་བརྒྱུད་རིམ་ག་འདྲ་ཞིག་ཡིན་པ། མི་དང་མིའི་བར་གྱི་འབྲེལ་བ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ། མི་རང་ཉིད་ཀྱིས་ཚེ་སྲོག་འཛིན་སྟངས་སོགས་ལ་རྩད་གཅོད་པ་དང་ཐུགས་ཁུར་གནང་བཞིན་ཡོད། དོན་དམ་དུ་སྤྱི་ཚོགས་ཐོག་གི་མཁས་པ་འདི་རིགས་ལ་རྩེར་སོན་པའི་མཁས་པའི་དབང་པོ་ཞེས་བརྗོད་ཀྱང་ལོས་ཆོག

གཉིས་པ། སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་བ་དཔལ་འབྱོར་གླེང་བ།

དཔལ་འབྱོར་ ཞེས་པའི་གོ་དོན་དེ་ཡོངས་གྲགས་སུ་རྒྱུ་ནོར་རིན་ཐང་གསར་སྐྲུན་དང་། བརྒྱུད་འགྱུར། མངོན་དུ་འགྱུར་ཚུལ་སྟེ། མིའི་རིགས་ཀྱི་དངོས་པོ་རིག་གནས་དང་འཚོ་བའི་དགོས་མཁོ་ལ་མཁོ་འདོན་བྱེད་པའི་བྱེད་སྒོ་ཞིག་ལ་དཔལ་འབྱོར་ཞེས་བྱ། དེའི་སྐོར་ལ་རང་རེས་ཇི་ལྟར་འདོད་པ་ཞེ་ན། དཔལ་འབྱོར་ནི་སྤྱི་ཚོགས་ཤིག་གིས་ཐོན་ཁུངས་ཇི་ལྟར་གསར་དུ་རྙེད་པ་དང་། ཇི་ལྟར་སྔོག་ཏུ་འདོན་པ། ཇི་ལྟར་བེད་སྤྱོད་གཏོང་བ། ཇི་ལྟར་ཕྱིར་ལེན་པ་བཅས་རབ་དང་རིམ་པའི་རྒྱུ་ནོར་སྐོར་གྱི་དོན་ལ་འཇུག་པའི་ཐ་སྙད་ཞིག་ལ་ངོས་འཛིན་ཞིང་།དཔལ་འབྱོར་ནི་སྤྱི་ཚོགས་ཐོག་ཏུ་མི་བུ་ཀུན་གྱི་བཟའ་བཏུང་དང་། འགྲོ་འདུག་སྐྱོད་གསུམ་གྱི་འཚོ་གནས་ཀྱི་རྩ་བའི་གནད་དོན་ཞིག་ཏུ་མཆིས། དེ་བས་དངོས་ཡོད་ཕུང་པོའི་འཚོ་བཞེས་ཀྱི་གནད་དོན་འདི་རུ་ཚུགས་ཡོད་པ་ལ། འདིར་བརྗོད་བཞིན་པའི་འཚོ་བཞེས་དེ་ནི། དངོས་ཡོད་ཀྱི་ཕུང་པོ་ཡོད་པས་ན་གཟོད་ནས་བསམ་བློ་ཞེས་པ་དེ་གཞི་གྲུབ། ཕུང་པོ་ཡོད་པས་བསམ་བློས་ཀྱང་འགུལ་སྐྱོད་ཐུབ་པ། གལ་ཏེ་ཕུང་པོ་དེ་མེད་སོང་དུས། བསམ་བློ་ཡང་དེ་བཞིན་དུ་ཕུང་པོ་དང་བྲལ་སོང་བ་ཡིན། དོན་གནད་འདི་ཧ་ཅང་གལ་ཆེན་པོ་ཞིག་ཏུ་ཆགས་ཡོད་དེ། སྤྱི་ཚོགས་གནས་ཐུབ་མིན་གྱི་སྲོག་རྩ་ཡིན་པས་སོ། ། དངོས་ཡོད་ཕུང་པོ་འཚོ་བཞེས་ཀྱི་གནད་དོན་སྐོར་ལ། དོན་དངོས་སུ་གནའ་རབས་རྒྱ་ཡིག་ཏུ་དཔལ་འབྱོར་གྱི་དོན་ནི་ཐོན་ཁུངས་གྲོན་ཆུང་ལ་གོ་བ་བླངས་བཞིན་ཡོད་པར། ཁོ་བོས་ཀྱང་དཔལ་འབྱོར་ཅེས་པའི་གོ་དོན་ནི་ཐོན་ཁུངས་ཆེས་ཉུང་ཤོས་སྤྱོད་དེ་དགོས་མཁོ་དང་རྐམ་ཆགས་ཆེན་པོ་ཁ་བསྐངས་བར་འདོད། འོ་ན་དཔལ་འབྱོར་འདིས་ཁ་གཏད་ས་ནི་ཐོན་ལས(产业) ཡིན། ཐོན་ལས་ལ་རིགས་ཆེན་པོ་བཞི་དབྱེ་སྟེ། ཚོང་ལས་དང་རིག་གནས་ཐོན་ལས། དངུལ་རྩ་ཐོན་ལས། གློག་རྡུལ་ཚོང་དོན་ཐོན་ལས་བཅས་སོ།། ཐོན་ལས་བྱེ་བྲག་ཏུ་དབྱེ་ན་ལས་རིགས(行业)ཡིན། ལས་རིགས་དེ་བསྐྱར་ཏུ་དབྱེ་ན་ཁེ་ལས(企业)ཡིན། དེ་བས་དོན་དངོས་སུ་བདག་ཅག་གིས་འཛུགས་པའི་དཔལ་འབྱོར་བྱ་སྤྱོད་དེ་ནི་ཁེ་ལས་ཡིན་མོད། ཡིན་ནའང་ཁེ་ལས་དང་ཁེ་ལས་ཕན་ཚུན་བར་གྱི་དྲང་བདེན་དང་ཕན་ཚུན་འགྲོ་འོང་། ཕན་ཚུན་བརྗེ་རེས་སོགས་མཐུན་སྦྱོར་བྱེད་དུས་དེར་ཆོས་ཉིད་ཅིག་ཡོད་པར་ངེས། དཔལ་འབྱོར་གྱི་ཆོས་ཉིད་འདི་དག་དང་། མིའི་རྐམ་ཆགས་དང་རང་བྱུང་ཐོན་ཁུངས་བར་གྱི་འབྲེལ་བ། ཡང་ན་རྒྱུན་བསྲིང་ཐུབ་པའི་གནད་དོན་བཅས་ལ་ཞིབ་འཇུག་བྱེད་མཁན་ནི་དཔལ་འབྱོར་རིག་པ་ཡིན་པས། འདི་ནི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་གཉིས་པ་དེ་གྱུར་ཡོད། དེས་ན་ངེད་ཅག་གིས་དཔལ་འབྱོར་ལས་དོན་ལ་འཁྱོངས་རུང་གནས་ཚུལ་ཞིག་གསལ་པོ་རྟོགས་དགོས་པ་སྟེ། དཔལ་འབྱོར་སྒྲུབ་མཁན་ཡང་མི་བུ་ཞིག་ཡིན་པས།  སུ་ཞིག་གི་ཁེ་ལས་དང་ལས་རིགས། ཐོན་ལས་གང་ཞིག་ཡིན་རུང་། རིགས་མི་འདྲ་བའི་མི་རྣམས་ཀྱི་དད་པ་ཡིས་དཔལ་འབྱོར་ལས་བླངས་བའི་གོ་བ་དེ་མི་འདྲ་བ། ལྷག་པར་དུ་ཕུང་པོའི་དགོས་མཁོ་དང་། དངོས་ཡོད་ཚེ་སྲོག་ལ་ངེས་པར་དུ་ཚང་དགོས་པའི་དགོས་མཁོ་དེ་བསྐངས་ཚར་བའི་རྗེས་སུ། དཔེར་ན། རང་ཉིད་ཀྱི་བསམ་བློ་དགོས་མཁོ་ཡང་དེའི་ནང་དུ་འདུས་ཡོད་པས། རང་ཉིད་ཀྱི་ཧམ་སེམས་དེ་ཇི་ལྟར་བྱེད་ནས་ཚོད་འཛིན་པ་ལ། དད་པས་ཏན་ཏན་ནུས་པ་ཐོན་བཞིན་ཡོད་པ། རྒྱུ་མཚན་ནི་དེ་ཐད་ཀར་བདག་ཅག་གིས་རྒྱུ་ནོར་ལ་བླངས་པའི་གོ་བ་དང་རྒྱུ་ནོར་བེད་སྤྱོད་གཏོང་ཚུལ་དང་འབྲེལ་ཡོད་པ་ལ། དོན་དམ་པ་ནི་བདེ་སྐྱིད་ཅེས་པའི་གོ་དོན་དང་། བདེ་སྐྱིད་ཀྱིས་མིའི་དཔལ་འབྱོར་བྱ་སྤྱོད་གཏན་འཁེལ་པ་ལགས། དཔལ་འབྱོར་ནི་ཚོད་འཛིན་མེད་པར་ཅི་མོས་གང་མོས་ངང་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད། འཕྲོག་བརླག་གཏོང་བ་སྟེ། མིའི་འདོད་པ་དང་ཧམ་སེམས་ཇེ་ཆེ་རུ་གཏོང་བའི་སྒུལ་ཤུགས་དེ་ཡིན་མི་རུང་། གཙོ་བོར་དཔལ་འབྱོར་སྒྲུབ་མཁན་གྱི་མི་དེ་གས་བཅིངས་པའི་དད་པ་ལ་རག་ལས་ཤིང་། མི་ག་གེ་མོ་དང་མི་རིགས། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གོ་བ་ལེན་སྟངས་དང་སྤྱོད་ལུགས་སྤྱོད་ཚུལ་དེ་གཟོད་ནས་བྱུང་བ་སྟེ། དཔེར་ན། ཝེ་པོས་གསུངས་པ་ནང་བཞིན་དུ་ཡེ་ཤུ་ཆོས་ལུགས་གསར་པ(新教)ལ་དད་པ་མི་རྣམས་ཀྱིས་དཔལ་འབྱོར་ལས་བླངས་པའི་གོ་བ་དང་སྤྱོད་ཚུལ་དེ་དག་ཀྭ་ཝུན་ཝེའི་ཆོས་ལུགས་གྲུབ་མཐས་加尔文教派)Ÿ(John Calvin约翰དཔལ་འབྱོར་ལ་འགྲེལ་བཤད་གནང་སྟེ་ལྟ་དགོངས་དེ་ལས་བྱུང་པ་ལ། མི་དང་མི་རིགས། རྒྱལ་ཁབ་ཀྱི་མཐར་ཐུག་གི་དཔལ་འབྱོར་བྱ་སྤྱོད་དེ་ཉིད་ཀྱང་དེ་དག་གི་དད་པ་ལས་བྱུང་ངོ་།། 

གསུམ་པ། སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་བ་ཆབ་སྲིད་གླེང་བ།

མི་ཐམས་ཅད་ཀྱིས་ཐོན་ལས་ལ་ཞུགས་པ་དང་། སོ་སོས་ལས་རིགས་སོ་སོ་སྤེལ་ནས། སྤྱི་པའི་བྱ་གཞག(公共事业)ཆགས་ཤིང་ཐག་གཅོད་བྱེད་པ་ཞིག་མཁོ་བ། དཔེར་ན། རིན་གོང་གི་མཐུན་སྦྱོར་དང་ཁྲོམ་ར་འཛུགས་སྐྲུན་བཅས། དཔལ་འབྱོར་རིག་པའི་ཐད་ནས་བཤད་ན་འདི་དག་ནི་སྤྱི་པའི་བྱ་གཞག་ཡིན་པ་ལགས། དེ་མི་ཚད་བདེ་འཇགས་དང་རྒན་གོག་གསོ་སྙོར། ནད་གསོ་སྨན་བཅོས། བྱིས་པ་ལྟ་སྐྱོང་། ད་རུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཐུན་སྦྱོར་དང་བཏང་སྙོམས་ཀྱི་གནད་དོན་བཅས། དཔེར་ན། ཁྱོད་ཀྱིས་ལམ་ཞིག་ལས་པ། ཁོང་གིས་ཀྱང་ལམ་ཞིག་ལས་པ། དེས་ན་ཇི་ལྟར་བྱེད་ནས་ཐུན་མོང་གི་རྒྱུ་ནོར་དེ་ཐུན་མོང་གིས་བེད་སྤྱོད་དགོས་པ་ལ། ཚང་མས་ཐུན་མོང་ངང་སྒོར་མོ་རེ་ཞིག་ཡར་སྤྲོད་ནས་ཐུན་མོང་གི་འགྲོ་སོང་གཏོང་བ་དེ། དོན་དམ་པ་ནི་ཁྲལ་བསྡུས་པ་ལགས།  འོ་ན་ཇི་ལྟར་བྱེད་ནས་ཁྲལ་དངུལ་འདི་དག་རྣམ་པ་དག་པའི་ངང་ནས་ཐག་གཅོད་བྱེད་པ་ལ་ཆབ་སྲིད་ཅེས་པའོ།། ཆབ་སྲིད་ནི་ཐུན་མོང་གི་ལས་དོན་ནམ་ཚང་མས་ཇི་ལྟར་བྱེད་ནས་ཐུན་མོང་གི་ལས་དོན་ཡག་པོ་ངང་བསྒྲུབ་དགོས་པ་སྟེ། ཆབ་སྲིད་ཀྱི་ལས་ལ་ཞུགས་མཁན་གྱི་མི་བུ་ཀུན་གྱིས་ཚང་མར་ཞབས་འདེགས་ཞུ་བའི་ལས་དོན་འདི་དག་ཇི་ལྟར་བྱེད་ནས་ཡང་དག་པའི་ངང་སྒྲུབ་པ་ཉིད་ནི་དོན་དམ་པའི་ཆབ་སྲིད་ཅེས་པའི་གོ་དོན་ཡིན། ཀྲུང་ཧྭ་རྒྱལ་དམངས་ཀྱི་སྲིད་འཛིན་དང་པོ་སུན་ཀྲུང་ཧྲན་གྱིས། “政ཞེས་པ་ནི་མི་ཚོགས་ཀྱི་དོན་ཡིན། 治ཞེས་པ་ནི་དོ་དམ་ཡིན། མི་ཚོགས་ལ་དོ་དམ་བྱེད་པའི་ལས་དོན་དེ་ལ་ཆབ་སྲིད་ཟེར”ཞེས་གསུངས།  དོན་དམ་དུ་ཆབ་སྲིད་ནི་ལྐོག་གཡོ་ངན་ཇུས་དང་ཕན་ཚུན་ཡིད་ཆེས་མེད་པའི་མགོ་སྐོར་གཡོ་རྫུན་གྱི་བྱ་སྤྱོད་ཅིག་མིན་ན་ཡང་། མི་ཐམས་ཅད་ཆབ་སྲིད་ལ་སྐྲག་པ། རྒྱུ་མཚན་གང་ཡིན་ཞེ་ན། སྤྱི་པའི་ལས་དོན (公共事务)དེ་ཐག་གཅོད་བྱེད་དུས་སྤྱི་པའི་ཁེ་ཕན་དང་འབྲེལ་ཡོད་དེ། དེ་བས་སྤྱི་པའི་ལས་དོན་ཐག་གཅོད་བྱེད་མཁན་གྱི་མི་བུ་དེ་དག་གིས་སྤྱི་པའི་ཁེ་ཕན་གྱི་ཚབ་བྱེད་བཞིན་ཡོད་པ་དང་། མི་བུ་དེ་དག་གིས་རང་ཉིད་ཀྱི་རེ་འདུན་དེ་སྤྱི་པའི་ལས་དོན་ཐོག་ཏུ་བཙན་ཏུ་འགེལ་བ་སྟེ། སྤྱི་པའི་ལས་དོན་ལ་ཞུགས་ནས་རང་ཉིད་ཀྱི་རེ་འདུན་མངོན་དུ་འགྱུར་བར་དམིགས། དེར་བརྟེན་སྤྱི་ཚོགས་ཤིག་ཏུ་ཆེས་དཀའ་ངལ་ཆེ་བའི་གནད་དོན་ནི་དབང་ཆ་དེ་ཡིན་ཞིང་། ཆབ་སྲིད་ཀྱི་གནད་དོན་ནི་དབང་ཆའི་གནད་དོན་ཡིན་ཏེ། ཐུན་མོང་གི་དབང་ཆ་རང་ཉིད་ཀྱི་ལག་ཆ་རུ་བསྒྱུར་བའི་ངང་ཚུལ་འདི་མིའི་རིགས་ཀྱི་ཆེས་ཆེ་བའི་གནད་དོན་དེ་ཡིན་ནོ།། དེས་ན་མི་ཁ་ཤས་ཤིག་གིས་ཇི་ལྟར་བྱེད་ནས་སྤྱི་པའི་ལས་དོན་ཡང་དག་པ་ཡོང་བར་ཞིབ་འཇུག་བྱེད་བཞིན་མཆིས། མི་དེ་དག་ལ་ཆབ་སྲིད་གཞུང་ལུགས་པ་ཞེས་བྱ། ཆབ་སྲིད་རིག་པའང་དེ་ནས་བྱུང་པ་ལགས་སོ།། དངོས་གནས་བཤད་ན་ཆབ་སྲིད་རིག་པ་ནི་མཚན་ཉིད་རིག་པའི་གནད་དོན་ཞིག་ཡིན་པར་སྨྲས་ཀྱང་ཆོག གང་ལྟར་སྤྱི་པའི་ལས་དོན་ཐག་གཅོད་བྱེད་ཚུལ་ལ་ཆབ་སྲིད་རིག་པ་ཁོ་ན་ཙམ་མ་ཡིན་པར། མི་གང་མང་ཞིག་གིས་དེར་ཞིབ་འཇུག་བྱེད་བཞིན་མཆིས། དེ་ལས་རིགས་པའི་གཞུང་ལུགས་གང་མང་ཞིག་གསར་ཏུ་ཐོན་ཡོད། ལྷག་པར་དུ་དྲང་བདེན་དང་འདྲ་མཉམ། བང་རིམ་གྱི་རིགས་གཞུང་གསར་ཏུ་བརྡོལ་བ། དེ་མི་ཚད་ཆབ་སྲིད་སྒྲིག་གཞི་གསར་འཛུགས་ཀྱི་རིགས་གཞུང་དེ་ལུགས་སུ་མྱུག་མགོ་འབུས་ནས་འབྲས་བུ་སྨིན་བཞིན་པའོ།། གོ་རྟོགས་མི་འདྲ་བ་དང་རིགས་གཞུང་མི་འདྲ་བ་ཞིག་གིས་སྤྱི་ཚོགས་མི་འདྲ་བ་ཞིག་ལ་ཆབ་སྲིད་སྒྲིག་གཞི་མི་འདྲ་བ་ཞིག་ཆགས་སུ་འཇུག་སྲིད་པ་སྟེ། ཁོང་ཚོར་བང་རིམ་ཅན་དང་འདྲ་མཉམ་ཅན། ད་རུང་འདྲ་མཉམ་དང་བང་རིམ་གྱི་བར་མཚམས་སུ་གནས་ཡོད་པའི་ཆབ་སྲིད་རིགས་དབྱིབས་སྣ་མ་སྣ་ཚོགས་ལྡན་པ། ཆབ་སྲིད་ལ་ཆེས་འཇིགས་སྐྲག་སྐྱེད་དགོས་ས་ནི་དབང་ཆ་སྒེར་དབང་ཅན་དུ་བསྒྱུར་པ་དང་། སྤྱི་པའི་དབང་ཆ་སྒེར་དབང་ཅན་དུ་བསྒྱུར་ནས་འཛིན་པ། སྤྱི་པའི་བདེ་འཇགས་ལས་ཁུངས་མི་སྒེར་ལ་དབང་བ། དེ་བས་མི་རིགས་དང་རྒྱལ་ཁབ་སུ་ཞིག་ཡིན་རུང་བདེ་འཇགས་ལས་ཁུངས་དང་ཆབ་སྲིད་དབང་ཆ་བར་གྱི་འབྲེལ་བ་དེ་དོ་མཉམ་ལེགས་པོ་བྱེད་དགོས། རྒྱལ་ཁབ་མང་ཆེ་ཤོས་ཀྱི་གནས་ཚུལ་དེ་ལྟར་དུ་ཆགས་ཡོད་པར། དཔེར་ན། ཨ་རི་ལྟ་བུ་ལ་མཚོན་ན་སྲིད་འཛིན་ལ་དམག་གཏོང་རྒྱུའི་དབང་ཆ་མེད་པ། གལ་སྲིད་དམག་གཏོང་དགོས་ན་ལས་ཁུངས་མང་པོ་ཞིག་གིས་ཆོག་མཆིན་ཐོབ་དགོས་པ་ལ། ལྷག་པར་དུ་གྲོས་ཁང་གོང་མ་དང་གྲོས་ཚོགས་འོག་མ་གཉིས་ཀྱི་ཆོག་མཆིན་ཐོབ་དགོས་པ། འདི་ནི་ཆབ་སྲིད་དངོས་དེ་ཡིན་ནོ།། དེས་ན་ཆབ་སྲིད་སྒྲིག་གཞིས་ཁ་གཏད་ས་ནི་སྲིད་གཞུང་ངམ། ཆབ་སྲིད་སྐོར་གྱི་ལས་དོན་ཐག་གཅོད་བྱེད་མཁན་ལ་སྲིད་གཞུང་ཟེར། རེད་དེ་ཆབ་སྲིད་སྒྲིག་གཞིའི་རྨང་གཞི་ཡང་ཡེ་ནས་དད་པ་དེ་ཉིད་ཡིན་པས། ཚེ་སྲོག་ལ་གོ་རྟོགས་རིགས་ག་འདྲ་ཞིག་བྱུང་ན་དེ་བཞིན་དུ་ཆབ་སྲིད་ཀྱི་གོ་བ་ཡང་དེ་དང་འདྲ་བ་ཞིག་བྱུང་བ། དེ་བཞིན་དུ་ཆབ་སྲིད་ཀྱི་གོ་བ་རིགས་ག་འདྲ་ཞིག་བྱུང་ན་དེ་ལུགས་སུ་སྲིད་གཞུང་གི་སྒྲིག་གཞི་ཡང་དེ་འདྲ་ཞིག་བྱུང་བས། མི་ག་གེ་མོ་དང་མི་རིགས། རྒྱལ་ཁབ་སུ་གང་ཞིག་གི་སྲིད་གཞུང་གི་སྒྲིག་གཞི་དང་ཆགས་ཚུལ་དེ་མཐར་གཏུགས་ན་དེ་དག་གིས་ཚེ་སྲོག་ལ་གོ་བ་ལེན་བཞིན་པའི་མི་བུ་ཀུན་གྱི་དད་པ་དེ་ཉིད་ལ་རག་ལས་སོ།། 

བཞི་པ། སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་བ་ཁྲིམས་ལུགས་གླེང་བ། 

      ཁྲིམས་ལུགས་ནི་ཁྲིམས་གཞུང་དང་བཅའ་ཁྲིམས་གཉིས་ཀྱི་དོན། དེ་གཉིས་སོ་སོས་སྤྱི་དམངས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་སྒྲུབ་ཆོག་པ་དང་། སྒྲུབ་མི་ཆོག་པའི་ལས་དོན་བཀོད་པ་ལགས། རྒྱལ་ཁབ་དབང་བསྒྱུར་བའི་ལག་ཆ་རུ་བརྩིས། རང་རེའི་འདོད་པ་ལྟར་ན། ཁྲིམས་ལུགས་ནི་མི་དང་མི་བར། མི་དང་རང་བྱུང་ཁམས་བར། མི་དང་སྤྱི་ཚོགས་བར་དང་མི་དང་རང་ཉིད་བར་ཏུ་བཞག་པའི་ཡིག་ཐོག་གི་སྒྲིག་སྲོལ་ཞིག དེ་ཉིད་ཡོང་སའི་ཁུངས་མི་ཆོས(伦理)དང་ཀུན་སྤྱོད(道德)ལས་བྱུང་བ། མི་ཆོས་ནི་སྤྱི་ཚོགས་ཡོངས་སུ་མི་གཤིས་དམ་པ་ཞིག་སྐྱོང་བའི་ལྟ་བ་དང་ཚད་གཞིའི་རིགས་ཤིག དེའང་གཙོ་བོ་དད་པ་ལས་བྱུང་བ། ཀུན་སྤྱོད་ནི་གོ་བ་ལོན་ཟིན་བའི་གོ་རིམ་ཅན་གྱི་མི་ཆོས་ཤིག མི་ཆོས་ནི་ཀུན་སྤྱོད་ཀྱི་རྨང་གཞི་དེ་ཉིད་བོ། དེ་ནི་མི་ཐམས་ཅད་ཀྱི་ཐུན་མོང་གི་ཚེ་སྲོག་གོ་རྟོགས་ཀྱི་གཞིར་གདན་ཐོག་ཏུ་འཛུགས་པ་དང་། སྐྱེ་བ་དང་འཆི་བའི་ཉམས་རྟོགས་ཀྱི་དད་པའི་ཞིང་ས་གཤིན་པོ་ལས་སྨིན་པའི་མི་ཚེའི་གོ་རྟོགས་དང་ལྟ་ཚུལ་ཞིག གོ་རྟོགས་འདི་ཉིད་གཞིར་གདན་དུ་འདིང་ནས་མི་གཞན་དང་མི་རང་ཉིད་ཀྱིས་རང་བྱུང་ཁམས་ཆེན་མོར་ཕོག་ཐུག་གཏོང་མི་རུང་བའི་ཉམས་རྟོགས་ཀྱི་ལུགས་སྲོལ་དེ་ལ་ཁྲིམས་ལུགས་ཞེས་པ། དེ་མ་ཚད་ཁྲིམས་ལུགས་དེ་མར་ཡིག་ཐོག་ཏུ་བཀོད་ཅིང་བརྗོད་པ་དང་། སྤྱི་ཚོགས་སུ་འཚོ་བ་བྱེད་པའི་མི་ཡོད་དོ་ཅོག་གིས་ལུགས་སྲོལ་འདི་དང་བསྟུན་ནས་ལས་ཀ་སྒྲུབ་པ་དང་ཟས་བཟའ་བ། ཐ་ན་བསམ་བློ་ཡང་དེ་ལུགས་སུ་གཏོང་དགོས་པར་མཆིས་སོ།། དེར་བརྟེན། མི་རིགས་ཤིག་ལ་ཤེས་ཡོན་པ་མི་ཉུང་བ་ཞིག་གིས་ཇི་ལྟར་བྱེད་ནས་མི་བུ་ཀུན་གྱི་ཐུན་མོང་དུ་ཁས་བླངས་བའི་དྲང་བདེན་དང་འདྲ་མཉམ་གཞིར་བཞག་སྟེ། ཁྲིམས་ལུགས་ཀྱི་ཚན་པ་དབྱེ་བ་དང་གཏན་འབེབས་གནང་བ་བཅས་ལ་ཞིབ་འཇུག་བྱེད་བཞིན་ལགས་པ། འདི་ཉིད་ཀྱང་རིག་གཞུང་ཞིབ་འཇུག་ཁྲོད་དུ་དོན་གནད་གལ་ཆེན་ཞིག་ལོས་ཡིན། དོན་དམ་པ་ལ་ཁྲིམས་ལུགས་ཚན་པ་ཡོད་ཚད་ཀྱི་རྒྱབ་ལོགས་སུ་ལུགས་སྲོལ་ཞིག་གནས་ཡོད་པ། དེ་ནི་ཁྲིམས་གཞི་རྒྱབ་རྟེན(法律依据)ནམ་རིན་ཐང་དེ་ཉིད་ཡིན་ཞིང་། ཐད་ཀར་དད་པ་ལས་བྱུང་བའི་རྐྱེན་གྱིས། སྤྱི་ཚོགས་ཤིག་གི་ཁྲིམས་ལུགས་ཀྱིས་སྤྱི་ཚོགས་དེའི་མིའི་རིགས་ཀྱི་དད་པ་ཡི་རྩ་བའི་ནང་དོན་དེ་མཚོན་ནུས་པ་དང་། དེའང་ཚེ་སྲོག་ཉམས་རྟོགས་ཀྱི་གཞི་རྩའི་ངང་ཚུལ་ཡིན། དེས་ན་ཚེ་སྲོག་ཉམས་རྟོགས་ཀྱི་གཞི་རྩའི་ངང་ཚུལ་དེ་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་སྟེ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཁྲོད་དུ་མི་དང་རང་བྱུང་ཁམས་བར་རིམ་བཞིན་གསོག་ནས་ཆགས་པའི་འཚོ་བཞེས་ཀྱི་ཉམས་མྱོང་དེ་ལས་བྱུང་བ་དང་། ཆབས་ཅིག་ཏུ་དེ་ཉིད་ཀྱིས་མིའི་རིགས་ཀྱི་མ་འོངས་པའི་འཚོ་བཞེས་ཁྲོད་དུ་ཉམས་མྱོང་གྱ་ནོམ་པ་ཞིག་མཁོ་འདོན་བྱེད་སྲིད་ཀྱང་། དེ་དག་ཐམས་ཅད་ཡོད་ཚད་མིན་པའི་རྒྱུ་མཚན་ནི། སྤྱི་ཚོགས་གང་ཞིག་གིས་མ་འོངས་པའི་སྤྱི་ཚོགས་སུ་འཚོ་བཞེས་ཀྱི་ཆ་རྐྱེན་ག་འདྲ་ཞིག་ཡོད་པ་ལའང་བསམ་གཞིག་དགོས་པས་སོ།། དེས་ན་ཁྲིམས་ལུགས་ནི་ཁྲིམས་གཞིའ་རྒྱབ་རྟེན་ལུགས་སྲོལ་དེ་ལས་བྱུང་བ། ལུགས་སྲོལ་དེ་ནི་མི་ག་གེ་མོ་དང་མི་རིགས། རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ཚེ་སྲོག་ལས་ལོན་པའི་གོ་རྟོགས་དང་ཉམས་རྟོགས་ལས་བྱུང་བ་དང་། མཐར་གཏུགས་ན་དེ་དག་གི་དད་པ་ལ་རག་ལས་སོ།།  

   མདོར་ན་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་བརྒྱུད་རིམ་དུ་དད་པ་དང་དཔལ་འབྱོར། ཆབ་སྲིད། ཁྲིམས་ལུགས་བཅས་བཞི་པོ་ནི་མེད་དུ་མི་རུང་བའི་སྤྱི་ཚོགས་གྲུབ་རྐྱེན་གྱི་ཀ་ཆེན་བཞི་རུ་གྱུར་ཡོད་པས། འདི་དག་ཕན་ཚུན་བར་གྱི་འབྲེལ་བ་དང་། སོ་སོས་སྤྱི་ཚོགས་སུ་གཞིར་ཚུགས་པའི་ཡུལ་དང་གོ་གནས་དག་གསལ་པོས་རྟོགས་དགོས་པ། དེས་ན་ག་འདྲ་ཞིག་ལ་དེ་དག་ཕན་ཚུན་བར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་ནུས་པ་ལྡན་པ་ཞེ་ན། ཚན་རིག་ཅེས་པ་དེ་ཡིན་ཞིང་། ཚན་རིག་ནི་གོང་གི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་ནམ་ལས་ཁུངས་སོ་སོ་ལ་ཞིབ་འཇུག་བྱེད་པའི་འཚོལ་ཞིབ་ཀྱི་རིགས་ཤིག་གམ། ཆོས་ཉིད་དང་མཐུན་པའི་འཚོལ་ཞིབ་བྱ་སྤྱོད་ཀྱི་རིགས་ཤིག་གོ ཚན་རིག་ཉམས་ཞིབ་ཀྱི་དཔྱད་ཤེས་ཞེས་པའི་བྱ་སྤྱོད་དེ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཞིག་ཡོད་ཅེ་ན། དེ་ལ་བླ་ན་མེད་པའི་མཚན་ཉིད་རིག་པའི་བློ་སྦྱོང་དང་། དོགས་སློང་སེལ་ནུས་པའི་ཐབས་ཤེས་རིག་པའི་དགོངས་པ། དེ་མི་ཚད་ད་རུང་ཞིབ་ཅིང་ཕྲ་བའི་བྱ་སྤྱོད་བཀོལ་སྤྱོད་བྱེད་པའི་སྤྱི་འགྲོས་བཅས་ལྡན་པའོ།། ཚན་རིག་རང་ངོས་སུ་ཐོན་པའི་འབྲས་བུ་ནི་ཚན་རིག་གི་གྲུབ་འབྲས་ཡིན་ཞིང་། གྲུབ་འབྲས་འདི་དག་ཏུ་དངོས་པོའི་གྲུབ་འབྲས་ཡོད་ལ། དཔལ་འབྱོར་དང་ཆབ་སྲིད། ཆོས་ལུགས། ཁྲིམས་ལུགས་བཅས་ལ་ཞབས་འདེགས་ཞུ་བའི་གྲུབ་འབྲས་ཀྱང་ཡོད། མདོར་ན་ཚན་རིག་གི་གྲུབ་འབྲས་ལ་དབྱེ་འབྱེད་བྱེད་ཆོག་སྟེ། དཔེར་ན། འཕྲུལ་ཆས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལག་ཆ། འཚོ་བའི་རྒྱུན་སྤྱོད་ཀྱི་ཡོ་བྱད་དང་། མི་ཕན་ཚུན་དང་སྲོག་ཆགས་དག་དམར་གསོད་གཏོང་རེས་བྱེད་པའི་གོ་མཚོན་སྣ་ཚོགས། ད་རུང་གོང་གི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་སོ་སོ་བར་གྱི་འབྲེལ་བ་དེ་དག་ཇི་ལྟར་བྱེད་ནས་ཐག་གཅོད་ལེགས་པོས་བྱེད་པ་ལ་སྤྱི་ཚོགས་ཚན་རིག་ཅེས་པའོ།། ཚན་རིག་ཉམས་ཞིབ་ལས་ཐོན་པའི་འབྲས་བུ་ནི་ཤེས་བྱ་ཡིན་མོད། འོན་ཀྱང་ཤེས་བྱ་འདི་ཉིད་མིའི་རིགས་ཀྱི་ཚེ་སྲོག་བདེ་སྡུག་གིས་བླང་དོར་འབྱེད་མེད། དེར་བརྟེན་ཚན་རིག་གི་འབྲས་བུ་དེ་དུས་མི་འདྲ་བར་བཀོལ་སྤྱོད་བྱེད་དུས་ནུས་མཐུ་མི་འདྲ་བ་ཞིག་ཐོན་པ་ལ། ཚན་རིག་ནི་ལག་ཆ་ཞིག་དང་མིའི་རིགས་ཀྱི་འབྲས་བུ་ཞིག་ཡིན་ཞིང་། བཀོལ་སྤྱོད་བྱེད་སྟངས་བཟང་ན་མིའི་རིགས་ལ་མཚོན་ན་བྱས་རྗེས་ཤིག་ཡིན། བཀོལ་སྤྱོད་བྱེད་སྟངས་མ་བཟང་ན་མིའི་རིགས་ལ་མཚོན་ན་ཆག་སྒོ་ཞིག་ཏུ་གྱུར། དེས་ན་མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་བཞི་པོ་གང་རུང་ཞིག་མཐར་གཏུགས་ན་དེ་དག་གི་རྩ་བའི་འདུ་ཤེས་དད་པ་ལས་བྱུང་ཞིང་། དད་པ་ནི་སྤྱི་ཚོགས་ཤིག་གི་སྲོག་ཤིང་གཞིར་གདན་དུ་གྲུབ་པ་ལ། དད་པས་རིམ་བཞིན་དུ་སྤྱི་ཚོགས་དེ་གའི་ཆོས་ལུགས་སྒྲིག་གཞི་དང་ཆབ་སྲིད་སྒྲིག་གཞི། དཔལ་འབྱོར་སྒྲིག་གཞི། ཁྲིམས་ལུགས་སྒྲིག་སྲོལ་གྱི་ཆགས་ཚུལ་ལ་ཐད་ཀར་ནུས་ཤུགས་ཐེབས་པས། བདག་ཅག་གིས་སྤྱི་ཚོགས་གྲུབ་ཚུལ་དང་། ཡང་ན་སྤྱི་ཚོགས་རང་ངོས་སུ་དཔྱིས་ཕྱིན་པའི་ཞིབ་འཇུག་ནན་མོ་ཞིག་བྱེད་དགོས་ན་སྤྱི་ཚོགས་སྤྱི་དམངས་དེ་གའི་དད་པར་གཞིར་བཟུང་ནས་བློས་དཔྱད་པ་གནང་བ་དེ་དོན་དུ་མ་ནོར་བའོ།། 

ཟུར་ལྟའི་ཡིག་ཆ།

1. 麦休尼斯著,风笑天译,《社会学》[M],中国人民大学出版社,2017年9月,第14版。ŸJŸ(美)约翰

2. 韦伯》[M],四川人民出版社,1987年6月,第1版。Ÿ(英)弗兰克帕金著, 刘东、谢维和译,《马克斯

3. (澳)Malcolm Waters 著,杨善华等译,《现代社会学理论》[M],华夏出版社,2000年4月,第1版。

4. 谢泉峰著,《马克思、韦伯、涂尔干社会分层理论比较》[D],武汉大学,2005年5月。

5. 吉登斯著,郭忠华、潘华凌译,《资本主义与现代社会理论--对马克思、涂尔干和韦伯著作的分析》[M],上海译文出版社,2013年4月。Ÿ(英)安东尼

6. (美)林百克著,徐植仁译,《总统宣言》[M],红旗出版社,2012年5月。

 


  • ལེ་ཚན་སྔོན་མ།:མིའི་རིགས་ཀྱི་སྤྱི་ཚོགས་གྲུབ་ཚུལ་གྱི་ཀ་ཆེན་བཞི་དང་དེ་དག་བར་གྱི་འབྲེལ་བ་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:སློབ་མགོ་བཙུགས་དུས་སེམས་ལ་ངེས་དགོས་པའི་ཉེན་མེད་ཤེས་བྱ་འགའ།
  • དོ་སྣང་ཆེ་བའི་རྩོམ།