རི་སྤྱང་། 2023-03-13
༡
ངེད་གཉིས་གྱེས་བྲལ་གྱི་མདུད་པ་ཐེབས་ནས་མི་ལོ་བདུན་འགོར། དུས་སྐད་ཅིག་མ་ཙམ་ལ་ཡང་་སེམས་ནས་ཡལ་མྱོང་མེད། སྐབས་རེར་ངའི་མཚན་མོའི་རྨི་ལམ་དང་ཉིན་མོ་གཉིས་ཡུག་གཅིག་ཏུ་བསྲེས་ནས། ང་ལ་མཚོན་ན་ཉིན་མཚན་གཉིས་གང་ཡིན་ཡང་ཁྱད་པར་མི་འདུག། དྲན་འཛིན་གྱི་ནུས་པ་ཡོངས་རྫོགས་མོའི་ཕྱོགས་སུ་གཏད་དྲགས་ནས། ངས་རུམ་ནས་ཅི་ཞིག་བོར་བ། ལག་ཏུ་ཅི་ཞིག་བཟུང་བ་སོགས་དྲན་བཞིན་མེད། དེ་ཡི་རྐྱེན་ཀྱིས་བོར་ཐོར་མང་བའི་ལོ་ཟླ་ཞེས་པའི་ལྷུག་རྩོམ་རིང་ཐག་ཆོད་པ་ཞིག་ཀྱང་བྲིས་མྱོང་ཡོད། ཁྱོད་ཀྱིས་བཀླགས་མྱོང་ཡོད་མེད་ཅི་ཆ་སྟེ། བདག་གི་དྲན་པ་བརྩེ་དུང་གི་མེ་སྒྱོགས་ཐེབས་ནས་ད་ལྟ་གང་ཡང་དྲན་གྱི་མི་འདུག། བྱ་བ་ཆེ་ཆུང་གང་ཞིག་བསྒྲུབས་ཀྱང་ཆེས་གལ་ཆེ་བ་ནི། དྲན་འཛིན་ནུས་པ་གསལ་པོ་ཞིག་ཡོད་རྒྱུ་དེ་རེད། འོན་ཀྱང་ང་ལ་བརྩེ་དུང་གིས་ཆམ་ནད་ཕོག་ནས་བཟུང་། ང་ལ་གང་ཡང་དྲན་རྒྱུ་མེད་ལ། བསམ་བྱ་ཅི་ཡང་མེད་པའི་སྨྱོན་པ་ཞིག་ཏུ་གྱུར་སོང་། མ་གཞི་ང་རང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་ཞིག་ཡིན་ཟེར་ཀྱང་མི་ཆོག་པ་མེད། འོན་ཀྱང་། ད་ལྟ་ང་ལ་ཅི་ཡང་དྲན་རྒྱུ་མི་འདུག། ཡོད་ཚད་ནག་ཐིང་ཐིང་ཞིག་རེད། ནག་ཐིང་ཐིང་ཞིག་ལས་ཅི་ཡང་ཀླད་པའི་ནང་དུ་འཆར་རྒྱུ་མེད་པས་ངའི་ལས་བྱ་ཚང་མ་གོར་ཐིག་ནང་དུ་ཡོད།
༢
སྐབས་རེར་མོ་ངའི་རྨི་ལམ་ནང་དུ་སླེབས་ནས་ང་ལ་སེམས་གསོ་གཏོང་ཞིང་། མིག་ཆུ་ཤུམ་ཤུམ་བཏང་ནས་བརྩེ་བས་ཁ་ཏ་གནང་བ་རེད། ཁྱོད་ཀྱིས་ཐོབ་བྱ་མེད་པའི་བྱ་བ་ལ་ཧབ་ཐོབ་མ་བྱེད། ཁྱོད་རང་དང་ཐོག་གི་བྱིས་པ་ཇི་བཞིན་ནར་སོན་དགོས། རང་སེམས་རང་ལ་དབང་བར་གྱིས་ཤིག། ད་ལྟ་མི་མང་པོ་ཞིག་གིས་མཐོན་པོ་ཨ་སྔོན་དགུང་ལ་རེ་བ་བཅངས་ནས། ཐོབ་བྱ་མེད་པའི་བྱ་སྒྲོ་ཞིག་གི་ཆེད་དུ་དཀའ་ལས་སྣ་ཚོགས་མྱོང་བཞིན་འདུག། རང་ཉིད་ལ་རྟག་ཏུ་དབང་བའི་མེ་ལོང་ལ་གཙང་ཁྲུས་ཡང་དག་བྱེད་མཁན་ཧ་ཅང་དཀོན་པོ་ཞིག་ཏུ་སྣང་། ཁྱོད་རང་དེ་འདྲ་ཞིག་ཏུ་ལར་ནས་འགྱུར་མི་རུང་ཞེས་བཀའ་སློབ་གནང་བ་རེད། རེད་རེད་མོ་བདག་གི་སེམས་ནང་གི་ལྷ་མོ་དེ་ཡིན་པས། བཀའ་སློབ་ཟབ་མོ་གནང་སོང་། ང་ལ་བརྩེ་བའི་སྤྱན་གྱིས་གཟིགས་ཤིང་། འཛུམ་པའི་མདངས་ཀྱིས་བསུས་ནས་འདི་ལྟར་མན་ངག་གནང་བ་བཀའ་དྲིན་ཆེ་ཞེས་བརྗོད་འདོད་སྐྱེས། མཚན་མོ་དེར་མོ་བདག་གི་རྨི་ལམ་ནང་དུ་ཡུད་ཙམ་བཞུགས་ནས་སེམས་གསོ་གཏོང་བཞིན་པའི་དུས་དེར། མགོ་སྔས་སུ་ཐག་ཐག་འགུལ་བཞིན་པའི་ཆུ་ཚོད་ཀྱི་སྒྲ་བཙན་པོ་དེས་ང་རང་གཉིད་ལས་དཀྲོགས་སོང་། མགྱོགས་མྱུར་གྱི་ངང་ནས་ཡར་ལངས་ཤིང་། སྔར་བཞིན་རང་གི་བྱ་བ་དེའི་ཕྱོགས་སུ་གོམ་ཁ་བསྒྱུར། ནམ་གསལ་ལ་མི་གསལ་ཞིང་། སྐྱ་རེངས་ཀྱི་འདབ་མ་བཀྱགས་ནས་རྒྱང་རིང་མཐོང་ཐུབ། མེ་ཏོག་ཆར་པ་རེ་ཟུང་ས་ལ་ལྷུང་གིན་འདུག བདག་གི་གོམ་པའི་འདེགས་འཇོག་དང་སྙིང་ཆུང་རྡེབ་པའི་སྒྲ་གཉིས་ངོ་བོ་གཅིག་ཏུ་འདྲེས། འདུ་ཁང་ནང་ལ་སླེབས་པ་དང་དུས་ཚོད་སྐར་མ་རེ་ཟུང་རྗེས་ལུས་ཐེབས་ཡོད་ཀྱང་། ཁོ་མོས་གནང་བའི་ཚིག་གི་མེ་ཏོག་དེ་ནི་བདག་གི་སྙིང་དབུས་སུ་མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་འདུག།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10