2023-02-17
གནས་ངེས་ཅན་དུ་པར་ལེན་པ་དང་། བརྩམས་ཆོས་སྤུས་དག་འདེམས་པ། བརྙན་རིས་གྲ་བསྒྲིགས་པ། དྲྭ་གྲོགས་ཀྱི་དོགས་གཞིར་ལན་འདེབས་པ་སོགས་ནི་ཏའེ་ཧུང་ལ་དབང་བའི་ལས་ཞོར་འཚོ་བ་ཁོ་ནའོ།། དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་ཏའེ་ཧུང་སྔ་མོ་ནས་འདི་ལྟ་བུའི་འཚོ་བར་གོམས་ཡོད་པར་མ་ཟད་སེམས་དཀྱིལ་ནས་དགའ་པོ་བྱེད་ཀྱིན་ཡོད། འདི་དག་ཚང་མ་ཁོས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ནས་བཤད་དགོས།
ཏའེ་ཧུང་ནི་ཕྱག་ཕྲེང་བ་རྣལ་མ་ཅིག་རེད། ཁོ་ལ་མཚོན་ན་ཕ་ཡུལ་ནི་སེམས་གཏིང་གི་དག་པའི་ཞིང་ཁམས་དེ་ཡིན་པས་ནམ་ཡང་རང་ཉིད་དང་གཅིག་ཏུ་འབྲེལ་ཡོད། ཁོས་ཕ་ཡུལ་གྱི་དབྱར་དགུན་སྟོན་དཔྱིད་དང་རི་ཀླུང་གི་བཀོད་པ། སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་སེམས་ཀྱིས་མྱོང་ཞིང་པར་ཆས་ལ་བརྟེན་ནས་ཐོ་རུ་བཀོད། དེར་བརྟེན། ཕ་ཡུལ་གྱི་ཞོགས་པའི་ཉི་འོད་དང་དགོང་ཁའི་མཚམས་སྤྲིན་གྱི་ཁྲོད་ནས་ཏའེ་ཧུང་གི་ལས་ལ་བྲེལ་བའི་གཟུགས་བརྙན་མངོན་ཡོད།
དྲི་ཟའི་དབྱངས་ཀྱི་མཐོང་ལམ་ཞེས་པའི་བརྙན་སྟེགས་བཙུགས།
དྲྭ་སྟེགས་ཁག་ཏུ་དྲི་ཟའི་དབྱངས་ཀྱི་མཐོང་ལམ་ཞེས་པའི་བརྙན་ལམ་སྟེགས་བུ་ལ་ཀུན་གྱི་གདེང་འཇོག་བཟང་པོ་ཐོབ་པ་རེད། དྲི་ཟའི་དབྱངས་ཀྱི་མཐོང་ལམ་ཞེས་པའི་བརྙན་སྟེགས་ཀྱི་གསར་གཏོད་པ་ཡིན་པའི་ངོས་ནས་གདེང་འཇོག་བཟང་པོ་དེ་དག་ནི་ཏའེ་ཧུང་ལ་མཚོན་ན་ཆེས་བཟང་བའི་ལེགས་སྐྱེས་རེད།
2023ཆུ་ཡོས་ལོའི་ལོ་སར་འཆར་ལ་ཉེ་སྐབས། ཏའེ་ཧུང་གིས་ཕ་ཡུལ་གྱི་ཟིན་ཐོ་སྔར་ལས་ཡག་པོ་དགོད་པའི་ཕུགས་འདུན་སེམས་སུ་ཉར། ཁོས་རང་ཉིད་ཀྱི་ཐོ་རུ་བཀོད་པའི་ཟིན་ཐོ་དེས་ཕ་ཡུལ་དྲན་པའི་སྐྱོ་གདུང་སེལ་བའི་འདུན་པ་བཅངས།
ཕྱག་ཕྲེང་ནས་སྐྱེས་ཤིང་ནར་སོན་པ་དང་། དེར་འཕྲོད་བསྟེན་བདེ་ཐང་གི་ལས་དོན་སྒྲུབ་བཞིན་ཡོད་པས་ཏའེ་ཧུང་གིས་རང་ཉིད་ནི་མི་སྐྱིད་པོ་ཞིག་ཡིན་པར་འདོད། ནམ་ཡང་ཕ་ཡུལ་གྱི་པང་ཁུག་ནས་ཕ་ཡུལ་གྱི་ཆེད་དུ་བྱ་བ་སྒྲུབ་ཆོག། ཁོ་ལ་མཚོན་ན་དེ་ནི་དོན་དག་གཞན་གང་ལས་ཀྱང་གལ་ཆེ།
ལོ་འགའི་སྔོན་ལ། ཏའེ་ཧུང་ལས་དོན་གྱི་བར་གསེང་ནས་རྒྱུན་དུ་འདུ་ཚོགས་དང་རོལ་རྩེད་ལ་བྲེལ། རེད་དེ། ཡུན་ཐུང་སྤྲོ་སྐྱིད་ཀྱི་རྗེས་སུ་དེ་ལས་མོད་པ་ནི་ཐམ་ཐོམ་དང་རབ་རིབ་ཀྱི་ཚོར་སྣང་ལས་ཟད། དེ་ལྟ་བུའི་ཚོར་སྣང་ཇེ་མང་དུ་སོང་བ་དང་བསྟུན་ནས་ཏའེ་ཧུང་གིས་རང་ཉིད་ཀྱི་མི་ཚེ་སྟོང་ཟད་དུ་འགྲོ་བཞིན་པ་ཤུགས་ཀྱིས་རྟོགས། རང་ཉིད་ལ་བློ་འགྱོད་མེད་ཆེད2018ལོའི་ཉིན་ཅིག་ལ་ཁོས་པར་ཆས་ལ་བརྟེན་ནས་ཕ་ཡུལ་ཟིན་ཐོར་དགོད་རྒྱུའི་སེམས་ཐག་བཅད། འོན་ཀྱང་། བྱ་བ་ཡོད་ཚད་ཀྱི་འགོ་རྩོམ་དཀའ། ལྷག་པར་དུ་པར་ལེན་ནི་ཏའེ་ཧུང་གི་ཆེད་ལས་མིན་པས། སྐབས་དེར་ཁ་པར་པར་ཆས་ཀྱི་དྲྭ་མིག་ལ་བརྟེན་ནས་པར་ལེན་པ་ནི་ཁོ་ལ་ཡོད་པའི་པར་ལེན་ཤེས་བྱ་འབའ་ཞིག་རེད། དེ་སྔོན་པར་ལེན་ཐད་ཅི་ཡང་མི་ཤེས་ཤིང་ད་གཞི་ནས་སྦྱང་དགོས་པས་གནོན་ཤུགས་ཀྱང་ཆེན་པོ་འདུག། ཏའེ་ཧུང་གིས་ལག་ཤེས་ལ་ཆེད་སྦྱོང་བྱ་རྒྱུ་ཡོད་པས་ཞན་ཆ་གསབ་དགོས་ཚེ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་རྒྱུ་ནི་གནད་འགག་ཨང་དང་པོ་རེད་ཅེས་བཤད། ཏའེ་ཧུང་གིས་ཆེད་ལས་དཔེ་དེབ་ཉོ་བ་དང་དྲྭ་རྒྱའི་སློབ་ཚན་ལ་བལྟ་བ། ཆེད་ལས་མི་སྣར་བཀའ་འདྲི་ཞུས་པ་སོགས་ལས་ཞོར་གྱི་དུས་ཚོད་ཚང་མ་སློབ་སྦྱོང་ཐད་ལ་སྤྱད། ཏའེ་ཧུང་གིས་རི་མོའི་མཚོན་བྱ་འགོད་པ་དང་བརྙན་ལ་བལྟ་བ། དུས་མཇུག་གི་བཟོ་སྐྲུན་སོགས་པར་ལེན་གྱི་ཤེས་བྱ་བློར་བཟུང་བར་མ་ཟད། སློབ་སྦྱོང་གི་སྤུས་ཚད་མཐོན་པོར་ཡོང་ཆེད་དེ་སྔོན་གྱི་འདུ་ཚོགས་དང་རོལ་རྩེད་བྱ་འགུལ་སོགས་ལས་ཐད་ཀར་ཕྱིར་འབུད་ཡོད། དང་ཐོག་ཉེ་འགྲམ་གྱི་མི་རྣམས་ལ་ཏའེ་ཧུང་གིས་ངེས་པར་དུ་པར་ལེན་སྟངས་སྦྱོང་བ་དང་རང་ལ་ངལ་གསོའི་དུས་ཁོམ་ཅུང་ཟད་ལས་མི་བཞག་པའི་བྱ་སྤྱོད་ལ་དོན་སྙིང་ཅི་འདྲ་ཡོད་པ་སོགས་ཀྱི་དོགས་གཞི་མང་པོ་ཞིག་ཡོད་ཀྱང་། ཁོས་གྲུབ་འབྲས་ཡོད་པར་ཁག་ཐེག་བྱེད་མི་ཐུབ་ཀྱང་རང་ཉིད་ཀྱི་བྱ་བ་མུ་མཐུད་དེ་རྒྱུན་བསྐྱངས་ལྷོད་མེད་བྱས། ང་ལའང་དོགས་པ་སྐྱེས་མྱོང་ཡོད། འོན་ཀྱང་མི་རེ་རེར་དུས་ཚོད་མི་འདྲ་བའི་ནང་དུ་འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཡོད་པས་མི་ཚེར་ཐོད་བརྒལ་གསར་པ་ཁ་ཤས་དགོས་པ་ནི་རྒྱུན་ལྡན་ཡིན་པས་སེམས་སུ་ཉར་དགོས་དོན་མེད། རང་ཉིད་ཀྱིས་ངོས་བཟུང་པའི་བྱ་བ་ཡིན་ཚེ་རྒྱུན་འཁྱོང་དགོས། འཕྲལ་དུ་ལན་ཞིག་འཚོལ་བ་ལས་ད་ཆའི་བྱ་བ་ཡག་པོར་བསྒྲུབ་ན་དགའ་ཞེས་ཏའེ་ཧུང་གིས་དེ་ལྟར་བཤད།
ཆེད་ལས་ཤེས་བྱ་མི་འདང་བ་དང་མི་གཞན་པས་དོགས་པ་བྱེད་པའི་འགག་སྒོ་ལས་བུད་དེ་ཏའེ་ཧུང་གིས་པར་ཆས་ལ་བརྟེན་ནས་ཕ་ཡུལ་གྱི་ཟིན་ཐོ་འགོད་འགོ་བརྩམས། ཁོས་འབྲེལ་དྲྭའི་བརྒྱུད་གཏོང་མགྱོགས་པ་དང་ཁྱབ་རྒྱ་ཆེ་བ། ཤུགས་རྐྱེན་ཆེ་བའི་ལེགས་ཆར་དམིགས་ནས་དར་སྲོལ་གྱི་རྗེས་སུ་དམ་པོར་འབྲངས་ཏེ་འཁྱུག་དབྱིངས་དང་། ཆུ་ཀུབ་བརྙན་ལམ། འཕྲིན་ཕྲན་བརྙན་ལམ་སོགས་དྲྭ་སྟེགས་སུ་ཞུགས། སྟེགས་བུ་བསྐྲུན་རྗེས་ཏའེ་ཧུང་གིས་དྲྭ་རྒྱའི་སྤྱི་ཨང་དྲི་ཟའི་དབྱངས་ཀྱི་མཐོང་ལམ་ཞེས་པ་གསར་དུ་བཙུགས།
དྲི་ཟའི་དབྱངས་ཀྱི་མཐོང་ལམ་ལ་དོན་སྙིང་གང་ཞིག་ལྡན་ཡོད་དམ་ཞེས་གླེང་སྐབས། ཏའེ་ཧུང་གིས་རང་ཉིད་ཀྱི་འཚོ་བར་བཅངས་པའི་དགའ་ཞེན་བརྒྱུད་སྤྲོད་དང་མི་དེ་བས་མང་བས་ཕྱག་ཕྲེང་ལ་རྒྱུས་ལོན་བྱུང་ནས་ལོ་ཁ་ཤས་སོང་རྗེས་ཕ་ཡུལ་ལ་དཔྱད་གཞི་དོན་སྙིང་ལྡན་པ་རེ་འཇོག་ཐུབ་པའི་རེ་བ་ཡོད་ཅེས་བཤད། པར་རིས་དང་བརྙན་ལམ། ཡི་འབྲུ། རོལ་དབྱངས་བཅས་ལས་གྲུབ་པའི་ཕྱག་ཕྲེང་གི་ཉམས་འགྱུར་གྱིས་ཕྱུག་པའི་བརྩམས་ཆོས་དག་འབྲེལ་དྲྭ་ནས་དར་ཁྱབ་ཏུ་སོང་བ་ནི་ཏའེ་ཧུང་གི་ཕ་ཡུལ་ལ་བཅངས་པའི་དགའ་ཞེན་ཆེ་རུ་འཕེལ་བའི་སྟོབས་ཤུགས་སུ་གྱུར།
ཏའེ་ཧུང་གི་བརྩམས་ཆོས་སུ་ཕྱག་ཕྲེང་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་མང་ཕུད་ད་དུང་དུང་དཀར་ལུང་པ་དང་རི་བོ་གངས་དཀར། མི་རྒོད་མཚོ། གེ་སར་མཁར་རྫོང་། ཉི་སྟེན་སོགས་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་རྣམས་ཀྱང་ཚུད་ཡོད། ཟླ་བ་དང་པོའི་ཚེས7ཉིན། རྒྱུ་ལ་བརྒལ་སྐབས་ཏའེ་ཧུང་གིས་ཆེད་དུ་གནས་དེའི་དགུང་སྔོན་སྤྲིན་གྱིས་ཁེབས་ཤིང་ས་གཞི་ཁ་བས་བཀླུབས་པའི་ཁམས་ཀྱི་མཛེས་ལྗོངས་ཐོ་རུ་བཀོད་པ་རེད།
བགྲོད་ལམ་སྔར་ལས་རིང་བར་བསྐྱོད་འདུན་ཆེ།
ལོ་ལྔའི་གོང་པར་ཆས་ཀྱིས་ཕ་ཡུལ་ཟིན་ཐོར་འགོད་པའི་ཆོད་སེམས་ཡོད་པའི་སྐབས་དེ་ནས་བཟུང་ཏའེ་ཧུང་གིས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་སེམས་ཐག་བཅད། ད་ཆར་ཉིན་ཞག1000ལྷག་ཙམ་འདས་ཟིན་ལ་བརྙན་ལམ་བརྩམས་ཆོས1000ལྷག་ཀྱང་དྲི་ཟའི་དབྱངས་ཀྱི་མཐོང་ལམ་ནས་བཏང་ཞིང་། གཏོང་ཚད་ཁྲི600ལྷག་བརྒལ་ཡོད།
ཏའེ་ཧུང་གིས་གྲུབ་འབྲས་དེ་དག་ཐོབ་པས་ང་དངོས་གནས་ཧ་ཅང་དགའ་པོ་འདུག། ད་ལྟ་ཕྱིར་བལྟས་སྐབས་དེ་དུས་ཀྱི་དཀའ་ངལ་ཚང་མ་ནི་འཚོ་བས་ང་ལ་སྦྱིན་པའི་རྒྱུ་ནོར་ཡིན་འདུག། ང་ལ་མུ་མཐུད་དེ་རྒྱུན་འཁྱོང་པར་གདེང་ཚོད་དང་ཡིད་ཆེས་གནང་བའི་རྒྱབ་སྐྱོར་མཁན་དང་ཁས་ལེན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གསར་རྩོམ་བརྩམས་ཆོས་ཇེ་མང་དུ་འགྲོ་བ་དང་ཆབས་ཅིག་རང་གིས་གྲོགས་པོ་གསར་པ་མང་པོ་ངོ་ཤེས་བྱུང་ལ་ད་དུང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དྲི་ཟའི་དབྱངས་ཀྱི་མཐོང་ལམ་གྱི་ཞེན་མི་ཡང་ཇེ་མང་དུ་ཕྱིན་སོང་ཞེས་བཤད།
ན་ནིང་སྤྱི་ཟླ11པར་ཕྱག་ཕྲེང་རྫོང་རྭ་རྟགས་གྲོང་རྡལ་ཉེ་སྟེང་རང་བྱུང་རང་བྱུང་མཚེའུ་རུ་པར་ལེན་སར་འགྲོ་དུས། སི་ཁྲོན་ཞིང་ཆེན་པར་ལེན་མཁས་ཅན་མཐུན་ཚོགས་ནས་ཡོང་བའི་ཡུལ་སྐོར་བ་འགའ་ཞིག་གིས་དྲི་ཟའི་དབྱངས་མཐོང་ལམ་གཉེར་མཁན་དགེ་རྒན་གྱིས་ང་ཚོར་མགོ་སྐོར་བཏང་མི་འདུག། དེ་གའི་མཛེས་ལྗོངས་ནི་ཁོའི་བརྙན་ལམ་ནང་གི་མཛེས་ལྗོངས་དང་གཅིག་པ་རང་རེད་འདུག་ཅེས་སེམས་འགུལ་ཐེབས་ནས་བཤད། མ་གཞི་ནས་ཏའེ་ཧུང་གི་བརྙན་ལམ་གྱི་བརྩམས་ཆོས་དག་གིས་ཁོ་ཚོའི་ཡིད་དབང་འཕྲོག་ནས་དེ་གར་ཆེད་དུ་ཡོང་བ་རེད་འདུག།·
ཏའེ་ཧུང་གིས་པར་རྒྱག་གི་ཡོད་པ་མཐོང་སྐབས། དེའི་ཁྲོད་ཀྱི་ཡུལ་སྐོར་བ་ཞིག་གིས་ཁོ་ལ་ཁྱོད་རང་ཡང་དྲི་ཟའི་དབྱངས་མཐོང་ལམ་ཁྲོད་ཀྱི་བརྩམས་ཆོས་ཀྱིས་ཡིད་དབང་འཕྲོག་ནས་འདིར་ཡོང་བ་ཡིན་ནམ་ཞེས་ཐད་ཀར་དྲིས་པ་རེད། གཏམ་དེ་ཐོས་འཕྲལ་ཏའེ་ཧུང་གིས་རང་གི་བརྩམས་ཆོས་ལ་ད་དུང་འདི་ལྟ་བུའི་ནུས་པ་ཡོད་པ་གཞི་ནས་ཤེས། ཡུལ་སྐོར་བ་དེ་དག་དེ་སྔོན་ཡང་ཕྱག་ཕྲེང་དུ་ཡོང་མྱོང་ཡང་ཉེ་སྟེང་རང་བྱུང་མཚེའུ་རུ་ཐེངས་དང་པོར་སླེབས་པ་ཡིན་ལ་རྗེས་མར་དུས་ཚིགས་བཞི་ཀར་འོང་བའི་འདུན་པའམ་འདུག། ཏའེ་ཧུང་གིས་ཁོ་ཚོས་ང་ལ་མཛེས་ལྗོངས་དེ་བས་མང་པོ་བརྙན་ལམ་དུ་འགོད་པ་དང་ལྷག་པར་དུ་མང་ཚོགས་ཀྱི་མིག་ལམ་དུ་བྱུང་མེད་པའི་མཛེས་ལྗོངས་པར་ལེན་པའི་རེ་བ་ཞུས་པ་དང་། དྲི་ཟའི་དབྱངས་ཀྱི་མཐོང་ལམ་བརྙན་སྟེགས་ཀྱི་དགེ་རྒན་གྱིས་ང་ཚོར་མཛེས་ལྗོངས་དེ་དག་མིག་གི་བསོད་ནམས་སུ་སྩོལ་བ་ཐུགས་རྗེ་ཆེ་ཞེས་བཤད་སྐབས་ང་ལ་སྔར་བྱུང་མྱོང་མེད་པའི་སེམས་འགུལ་ཆེན་པོ་ཞིག་ཐེབས་བྱུང་ལ་འགན་འཁྲི་གསར་པ་ཞིག་ཀྱང་སེམས་ཁོང་དུ་བརྡོལ་བྱུང་ཞེས་བཤད།
བརྩམས་ཆོས་སྤུས་ཚད་སྔར་ལས་ལེགས་པོ་སྤེལ་ཆེད། ཏའེ་ཧུང་གིས་རང་ཉིད་ཀྱི་བརྩམས་ཆོས་ལ་དགའ་པོ་བྱེད་མཁན་དྲྭ་གྲོགས་ཚོ་ཕ་ཡུལ་ལ་དགའ་ཞེན་བྱེད་མཁན་དང་འཚོ་བ་ལ་དགའ་ཞེན་བྱེད་མཁན། རང་བྱུང་ཁོར་ཡུག་ལ་དགའ་ཞེན་བྱེད་མཁན། ཡུལ་སྐོར་དང་ཡུལ་ལྗོངས་བརྙན་ལེན་ལ་དགའ་ཞེན་བྱེད་མཁན། དེ་མིན་བསམ་བློའི་འཇིག་རྟེན་ཕུན་སུམ་ཚོགས་པ་དང་བྱ་དངོས་མཛེས་པོ་ལ་ཤེས་ཚོར་སྐྱེན་པོ་ཡོད་མཁན་སོགས་རིགས་བགོས་པ་དང་། དེ་རྗེས་རིགས་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་ནས་བརྩམས་ཆོས་མི་འདྲ་བ་སྤེལ་བའི་གྲ་སྒྲིག་འདུག།
ཆེད་ལས་མིན་པ་ནས་ཆེད་མཁས་པར་གྱུར་པ་དང་དང་ཐོག་མི་རྣམས་ཀྱིས་དོགས་པ་ཟ་བ་ནས་ད་ལྟ་ཁས་ལེན་པའི་བརྒྱུད་རིམ་ཁྲོད་དུ། ཏའེ་ཧུང་གིས་ཐབས་མཆོག་ཤིག་སྤྱད་པ་དེ་ནི་རྒྱུན་འཁྱོངས་རེད། ཁོའི་སེམས་སུ་རང་ཉིད་དང་ཕ་ཡུལ་ནི་བུ་ཕྲུག་གིས་མ་ཡུམ་ལ་དྲིན་གཟོ་བ་དང་གཉིས་སུ་མེད།
ཏའེ་ཧུང་གིས་ཕ་ཡུལ་གྱི་ཆེད་དུ་ཚེ་སྲོག་གི་མཇུག་མ་རྫོགས་བར་དུ་བགྲོད་ལམ་སྔར་ལས་རིང་བར་བསྐྱོད་དེ་སྔར་ལས་མཛེས་པའི་ཡུལ་ལྗོངས་ལ་བལྟ་བ་དང་། འཚོ་ཞིང་གཞེས་པའི་དུས་རང་ཉིད་ཀྱི་རྐང་རྗེས་དེ་ཕྱག་ཕྲེང་དང་དཀར་མཛེས་ཁུལ། ད་དུང་མེས་རྒྱལ་ཀྱི་རི་ཀླུང་ཀུན་ཏུ་འཇོག་ཐུབ་པའི་རེ་བ་བཅངས་དང་འཆང་བཞིན་ཡོད།
གཟའ་མཇུག་ནི་རང་ལ་དབང་བའི་དུས་ཚོད་རེད། ཏའེ་ཧུང་གིས་པར་ཆས་བཟུང་ནས་པར་ལེན་ས་ཚུགས་གཞན་ཞིག་ཏུ་བསྐྱོད་སྐབས། སེམས་སུ་ཕྱག་ཕྲེང་གི་དུས་ཚིགས་བརྗེ་བའི་ཉིན་མོ་བརྙན་ལེན་དང་རྩོམ་སྒྲིག་གི་དུ་ལ་བསླེབ་པར་ཡུན་རིང་མི་དགོས་པ་དྲན་ཚེ། དགའ་སྤྲོ་གནོན་མ་ཐུབ་པར་རླངས་འཁོར་ནས་ཁྱེད་རང་ཕྱག་ཕྲེང་ལ་ཕེབས་པར་དགའ་བསུ་ཞུ་ཞེས་པའི་གླུ་དབྱངས་ཤིག་དབང་མེད་དུ་ཤོར་རོ།།
རྟ་མགྲིན་རྡོ་རྗེས་བསྒྱུར།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10