ཕྲེང་བ།

མགོན་ཤུལ་ཕུན་ཚོགས།        2023-03-06

བུད་མེད་ཅིག་གིས་ཕྲེང་བ་ཞིག་རང་ཉིད་སེམས་པ་ཤོར་བའི་སྐྱེས་པ་ཞིག་ལ་བསྐུར། སྐྱེས་པ་དེའི་ཁ་པར་དུ་འཕྲིན་ཡིག་མ་འབྱོར་བས་ཅི་ཡང་མ་ཤེས།བུད་མེད་དེ་ཅི་འདྲའི་སྙིང་རྗེ་ཞིག། ཡང་ན་ཁྲེལ་མེད་ཅིག ཆུང་དུས་ནས་གནས་ལ་བྲོས་བས་བྱིས་པ་ཞིག་ཀྱང་ཡོད་མྱོང་།

བུད་མེད་ཅིག་གིས་ཕྲེང་བ་ཞིག་རང་ཉིད་སེམས་པ་ཤོར་བའི་སྐྱེས་པ་ཞིག་ལ་བསྐུར། ཕྲེང་བ་དེ་དྲན་དུས་སྐྱེས་པ་དེར་སྔར་མེད་ཀྱི་ན་ཟུག་ཅིག་ཡོད་འདུག། རྒྱུ་མཚན། བུད་མེད་དེས་ཁ་པར་ཡོང་ཐེངས་རེར་ཕྲེང་བ་དེ་འདྲི་ཞིང་།ཁོང་གཉིས་ཀའི་ཕྲེང་བ་ཆ་འགྲིག་ཅིག་ཡིན་པས་འབོར་མི་ཉན་ཚུལ་བཤད།ཡིན་ཡང་།སྐྱེས་པ་དེའི་ཕྲེང་བ་མགྲོན་ཁང་ཞིག་ཏུ་བོར་བས།གཞུག་ནས་མགྲོན་ཁང་ལ་དྲིས་ཀྱང་མ་རིག་ཟེར།དེ་ནས་བཟུང་།སྐྱེས་པ་དེར་རྨ་ཁ་མེད་པའི་ཟུག་གཟེར་ཞིག་ཡོད་འདུག།

བུད་མེད་ཅིག་གིས་ཕྲེང་བ་ཞིག་རང་ཉིད་སེམས་པ་ཤོར་བའི་སྐྱེས་པ་ཞིག་ལ་བསྐུར།གོ་ཐོས་ལ་ཕྲེང་བ་དེ་ལྷ་སར་གནས་མཇལ་དུ་འགྲོ་ཁར་ཆེད་དུ་སྐྱེས་པ་དེ་དང་མོ་རང་གཉིས་ཀར་ཆ་འགྲིག་ཅིག་ཉོས་པ་རེད་འདུག། ལྷ་སར་ཟླ་ཕྱེད་ཙམ་གྱི་ཡུན་ལ།ཐོད་པ་གང་ལ་གཏུག་ཀྱང་།ཐལ་མོ་སུ་ལ་སྦྱར་རུང་།ཕྲེང་བ་གཉིས་ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་ལྟར།གར་བསྡད་ས་དང་།གང་སོང་ས་ལ་ཁྱེར་ནས་སྨོན་ལམ་ནན་གྱིས་འདེབས་བཞིན་འདུག་ཟེར།

བུད་མེད་ཅིག་གིས་ཕྲེང་བ་ཞིག་རང་ཉིད་སེམས་པ་ཤོར་བའི་སྐྱེས་པ་ཞིག་ལ་བསྐུར།སྐྱེས་པ་ཞིག་གི་རུམ་ཁ་ནས་སྐྱེས་པ་གཞན་ཞིག་དྲན་པ་ནི་ཅི་འདྲ་ཞིག་ཡིན་ནམ།སྐྱེས་པ་དེས་མོར་ཁ་པར་གཏོང་ཐེངས་རེར།མོ་རང་ཁྱོ་ག་དང་མཉམ་དུ་ཡོད་རབས་བཤད་མ་མྱོང་།མོས་སྐྱེས་པ་དེར་ཁ་པར་གཏོང་དུས་ནམ་རྒྱུན་ཁྱོ་ག་མེད་དུས་ཡིན་སྲིད།སྐྱེས་པ་ཞིག་ལ་འགྲོགས་ནས་སྐྱེས་པ་ཞིག་དྲན་པ་ན་ཟུག་འཇོམས་བྱེད་ཀྱི་སྨན་མཆོག་ཡིན་ནམ། སྨེང་བ་སིང་བྱེད་ཀྱི་གདུང་གླུ་ཡིན་ནམ།

བུད་མེད་ཅིག་གིས་ཕྲེང་བ་ཞིག་རང་ཉིད་སེམས་པ་ཤོར་བའི་སྐྱེས་པ་ཞིག་ལ་བསྐུར།ཕུགས་བསམ་ཞིག་གིས་དབང་ངམ།མྱི་ཁ་ཞིག་གིས་རྐྱེན་ནམ།ཡང་ན་འཚོ་གནས་ཤིག་གིས་སླད་དུ།ཕན་ཚུན་ལ་འགྲོ་འོང་དང་ཁ་བརྡ་ཅི་ཡང་མེད་པར་ཆགས།དྲན་པ་ལ་སྟོང་བསམ་ཐོགས་ནས་རྨི་ལམ་གྱིས་ཕྱེ་ལེབ་སྒུལ།དབྱར་གསུམ་གྱི་འབྲུག་སྒྲ་ལྡིར་ཏེ་དྲག་ཆར་གྱིས་མེ་ཏོག་འཐུས།

བུད་མེད་ཅིག་གིས་ཕྲེང་བ་ཞིག་རང་ཉིད་སེམས་པཤོར་བའི་སྐྱེས་པ་ཞིག་ལ་བསྐུར།དབྱར་དགུན་སྟོན་དཔྱིད་ཀྱི་བརྗེ་རེས་དང་།ཁ་བའི་མེ་ཏོག་གི་འདེད་རེས་ཁྲོད།ཉིན་མཚན་རེས་སུ་འཁོར།ལོ་ཟླ་འགྲོས་སུ་ཕྱིན།ལོ་དུ་མའི་རྗེས་སུ།སྐྱེས་པ་དེ་ཕ་ཡུལ་དུ་ལོག་དུས་བུད་མེད་དེར་འཕྲད།ཆ་མེད་རྒྱུས་མེད་ཀྱི་མི་གཉིས་འཕྲད་པ་བཞིན་ཕན་ཚུན་ལ་ཁ་བརྡ་མེད་ལ།འདས་སོང་ལ་འཁྲེན་སེམས་ཀྱང་མེད།དེ་དུས་ཁོང་གཉིས་ཀྱི་འཁྲིས་སུ་སོ་སོའི་བཟའ་ཟླ་དང་བྱིས་པ་ཡང་ཡོད། ཡིན་ཡང་། བུད་མེད་དེས་ཕྲེང་བ་སྔར་བཞིན་བཏགས་འདུག།



  • ལེ་ཚན་སྔོན་མ།:མ་འོངས་པའི་གླིང་ཕྲན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།