མི་སེམས་བྲིས་པ།

འདན་རུལ་རྒོལ།        2023-03-03

མི་སེམས་སྙི་ན་ཧ་ཅང་སྙི་སྟེ་རྣམ་འགྱུར་ཙམ་གྱིས་

སེམས་ཁ་གས། །

མི་སེམས་སྲ་ན་ཧ་ཅང་སྲ་སྟེ་འཁོར་བའི་སྡུག་

བསྔལ་ཅི་ཡང་བཟོད། །

མི་སེམས་དམར་པོའི་འཁོར་ཕྱོགས་ཙམ་གྱིས་ཚེ་ཡི་

འདུན་མའི་ལེགས་ཉེས་འབྱེད། །

མི་སེམས་ཀུན་གྱི་གཙོ་བོ་ཡིན་ཏེ་ཆོས་ཀུན་སེམས་

ཀྱི་རྗེས་སུ་འབྲངས། །

མི་ཡི་སེམས་ནི་ཧ་ཅང་བརྟན་ཏེ་སྐྱེ་བ་དུ་མའི་བག་

ཆགས་འཛིན། །

མི་ཡི་སེམས་ནི་ཤིན་ཏུ་འགྱུར་སླ་རྣམ་རྟོག་སྐད་

གཅིག་ཙམ་གྱིས་གཡོ། །

མི་ཡི་སེམས་ལ་དྲོད་གྲང་མང་པས་འཁོར་བའི་

གནས་སུ་སྐྱིད་སྡུག་མང་། །

མི་ཡི་སེམས་ནི་འཁོར་འདས་གཉིས་ཀྱི་དགའ་

སྡུག་ཀུན་གྱི་གཞི་མའོ། །

མི་སེམས་ཤིན་ཏུ་ཁ་རྒྱ་ཆེ་སྟེ་འཁོར་འདས་གང་

ཡིན་སེམས་སུ་ཤོང་། །

མི་སེམས་ཤིན་ཏུ་རྒྱ་ཁྱོན་ཆུང་སྟེ་སེམས་སོང་

གཅིག་ལས་ཤོང་ས་མེད། །

མི་སེམས་ལོ་ཆུང་བྱིས་པ་འདྲ་སྟེ་མཐོང་ཐོས་

ཀུན་ལ་རབ་ཏུ་གཡེང་། །

མི་སེམས་རྒས་པོ་དཀྱུས་ཐོ་འདྲ་སྟེ་སྐྱེ་བ་

སྟོང་གི་ཞེན་ཆགས་འཛིན། །

མི་ཡི་སེམས་ལ་ཉེ་རིང་མེད་དེ་རིགས་དྲུག་མ་

ལྟར་གཅེས་ཀྱིན་ཡོད། །

མི་ཡི་སེམས་ལ་ཕྱོགས་ལྷུང་ཆེ་སྟེ་གཉེན་དང་

ཉེ་བའི་ཁོ་ནར་བསམ། །

མི་ཡི་སེམས་ལ་འགལ་བ་འདུ་བས་སྲིད་པའི་

ཁམས་ན་ཅི་ཡང་སྲིད། །

མི་ཡི་སེམས་ཀྱི་ངོ་བོ་བཙལ་ན་རྣལ་འབྱོར་པ་

ཚོའི་བརྟུལ་ཞུགས་འཛིན། །

མི་སེམས་དྭངས་གསལ་དྲི་མས་མ་གོས་བྱིས་པའི་

འཚོ་བ་ལྷད་མེད་ཡིན། །

མི་སེམས་ནག་ནོག་རབ་རིབ་ཡིན་པས་དགྲ་གཉེན་

ཡོ་ལང་རབ་ཏུ་རྒོད། །

མི་སེམས་ནོར་འཛིན་བུ་མོའི་བྲང་ཁར་བྱ་བ་

ཀུན་གྱི་སྣང་བརྙན་འཆར། །

མི་སེམས་འདི་ལ་མཐོ་དམན་ཆེ་བས་འཇིག་

རྟེན་འཁོར་བའི་སྒང་ཤོང་མང་། །

མི་ཡི་སེམས་ལ་སྒེར་སེམས་མེད་འདྲ་གཞན་

གྱི་དོན་དུ་སྲོག་ཀྱང་གཏོང་། །

མི་སེམས་རང་དོན་ཁོ་ནས་གང་འདྲ་སྒེར་

དོན་སྒྲུབ་ལ་ཅི་ཡང་ཕོད། །

མི་ཡི་སེམས་ལ་ཚད་གཅིག་མེད་པས་ཡག་

སྡུག་ལས་ལ་ཚད་བཀག་མེད། །

མི་སེམས་སུ་ཡི་བདག་པོ་ཕོག་ན་སངས་རྒྱས་

ཟེར་བ་གཞན་དུ་མེད། །

མི་སེམས་བྱམས་ན་ཚད་གཅིག་མེད་དེ་རང་

ལས་ཁྱོད་རང་གཙོ་བོ་འཛིན། །

མི་སེམས་སྡང་ན་ཚད་གཅིག་མེད་དེ་ཕ་མ་

ཡིན་ཡང་འཆི་ལམ་བསྐྱུར། །

མི་ཡི་སེམས་ཀྱི་གསང་བ་རྟོགས་རྒྱུ་ཐམས་ཅད་

མཁྱེན་ཡང་དཀའ་བ་གདའ། །

མི་ཡི་སེམས་ཀྱི་བང་མཛོད་ནང་དུ་ལས་འབྲས་

གསང་བ་མ་ལུས་གབ། །

མི་ཡི་སེམས་ལ་དགའ་བ་འཕེལ་ཚེ་སྣང་སྲིད་

ཐམས་ཅད་སྐྱིད་པའི་གཞི། །

མི་ཡི་སེམས་ལ་སྐྱོ་དུབ་འཁྲིགས་ཚེ་མཐོང་ཡུལ་མ་

ལུས་སུན་པའི་གཞི། །

མི་སེམས་ལྷོད་ཅིང་ཞི་ལ་ཕེབས་ན་རྐྱེན་གཞན་གྱིས་

ནི་ཅི་ཞིག་བྱ། །

མི་སེམས་ཞི་བའི་ངང་དུ་གནས་དགོས་ཞི་བའི་

མཆོག་ནི་དེ་ཡིན་ནོ། །

མི་སེམས་སྨྱོ་ན་སྨྱོ་ལུགས་མཚར་དེ་ཆོས་དང་ནོར་

གྱི་གཏེར་ཁ་སྟོན། །

མི་སེམས་སྨྱོ་ན་སྨྱོ་ལུགས་སྡུག་དེ་རང་སྲོག་

སྤར་གང་བྲག་ལ་བརྡབ། །

མི་སེམས་སྐྱོ་ལ་རབ་ཏུ་དགའ་བའི་དུས་ངན་

སྙིགས་མའི་ཁུག་སོ་ན། །

མི་སེམས་སྨྱོ་ཚུལ་ངོ་མ་ཤེས་པའི་སྐྱེས་བུ་དག་

ནི་ཉི་སྐར་ཙམ། །

མི་སེམས་རིན་པོ་ཆེ་ཞེས་གསུང་པའི་ཆོས་

གཞུང་དག་ཏུ་མང་ཙམ་སྣང་། །

མི་སེམས་བདུད་ཀྱི་གཡབ་མོ་ཟེར་བའི་ཐ་

སྙད་དག་ཀྱང་དམིགས་པའོ། །

མི་སེམས་གཏེར་ཀྱི་སྒོ་མོ་འབྱེད་ཚུལ་གནའ་

དེང་མཁས་པས་ཡང་ཡང་གསུངས། །

མི་སེམས་གཏེར་གྱི་སྒོ་འབྱེད་ཐུབ་མཁན་རང་

གཞན་ཀུན་ལ་ཤིན་ཏུ་དཀོན། །

མི་སེམས་རྫུན་པ་གཏན་ལ་ཕབ་པའི་སེམས་

དང་སེམས་བྱུང་གཉིས་ཆར་དཀོན། །

མི་སེམས་རྫུན་མ་རང་ངོ་འཕྲོད་པའི་མཁས་

བླུན་ཟུང་གི་དཀྱིལ་དུ་དཀོན། །

མི་སེམས་རྫུན་མ་རྫུན་དུ་སྨྲ་བའི་སྤོབས་པ་ཅན་

ནི་ལྷག་ཏུ་དཀོན། །

མི་སེམས་གཏེར་གྱི་བྱང་བུ་ལོན་མཁན་དེའི་

ཕྱིར་ཤིན་ཏུ་གནས་ཀྱང་དཀོན། །



  • ལེ་ཚན་སྔོན་མ།:ཉི་ནུབ་ཚེས་རྗེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།