ལོ་གཡང་གི་མཆོད་པ།

འཆིང་གྲོལ།        2023-02-24

མི་རྒྱུད་ལྷ་ཡིས་བསྐྱངས་པའི་སྲོང་བཙན་རྒྱུད།།

གངས་རིའི་རི་ཞོལ་སྡེ་ཆེན་རྟ་ཤུལ་ཡུལ།།

མི་འགྱུར་ཀུན་གསལ་རྒྱ་མཐོངས་ར་བའི་རྩེར།།

ལོ་གསར་ཚེས་རིས་འཆར་འདུག་སྨོན་པ་ཤོར།།

བསྟན་པའི་ཆོས་ཚུལ་འཛིན་པའི་གཞི་བདག་དང་།།

ཕུན་ཚོགས་སྡེ་བཞི་བསྐྱངས་པའི་ཡུལ་ལྷ་དག།

བདེན་པའི་ཡིག་ཆུང་ནང་གི་གསོལ་བསྟོད་འདིས།།

ངག་གིས་མཆོད་སྤྲིན་རྫོངས་བ་སྐྱེས་སུ་འབུལ།།

ཟས་རིགས་བཅུད་ལྡན་ཕུད་འཛོམས་སྡེར་ཁ་བཤམས།།

དགའ་མགུ་གཉེན་མི་འཛོམས་པའི་ཉིན་བཟང་ལ།།

འཆིང་མིང་འཛིན་པས་རྩོམ་གྱི་མཁའ་ལམ་བཤངས།།

ཕུན་ཚོགས་སྨོན་འདུན་ཚིག་ཅིག་ཕུ་ནུར་བྲིས།

དགའ་སྡུག་རྣམ་རྟོག་བརྒྱུས་པའི་འཆར་སྒོ་ནས།།

འཁོར་བའི་གཏིང་མཐའ་ཉུལ་བའི་མཛའ་མོ་དང་།།

འགྲོགས་པའི་མཉམ་དུ་བླངས་པའི་སེམས་གཞས་དེ།།

རྣ་བའི་བུ་རམ་སླད་དུ་མགྲིན་ལ་འདེགས།།



  • ལེ་ཚན་སྔོན་མ།:ལོ་གསར་པའི་ཁ་གཡང་བཀྲ་ཤིས་གཡང་འཁྱིལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།