ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས2པ་འཚོགས་རྒྱུའི་དུས་ཚོད་ཐག་བཅད།

        2023-02-23

     སྤྱི་ཟླ2པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་ཚོགས་ནས་ད་ལོའི་ཟླ2པའི་ཚེས26ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་རྒྱུ་གཏན་འབེབས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཕུལ་བའི་ལས་དོན་སྙན་སེང་ལ་གྲོས་བསྡུར་གནང་བ་རེད།

     ཚོགས་འདུའི་ཐོག《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི》མ་ཟིན་ལ་གྲོས་བསྡུར་བྱས་པ་དང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་ནས་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།

     གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དུ་བརྩིས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས། མི་དམངས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། བཟང་འགྱུར་མཐུན་སྦྱོར་ལས་ཆོད་ཆེ་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བཅས་བྱེད་པའི་རྩ་དོན་ལྟར། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་དེ་བརྒྱུད་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་ལ་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་ཆེད་རྩ་ཆེའི་ཉམས་མྱོང་ཡང་གསོག་འཇོག་བྱས་ཡོད།

     ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་ནས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་བསྣན་རྒྱུ་སྤྱི་འདོམས་བྱས་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཁྲིད་ཕྱོགས་སུ་འཛིན་ཞིང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་རྩ་རྒྱུན་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས། ཏང་ཀྲུང་དབྱང་གི་སྒྲིག་གཞི་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྒྲིག་གཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི། རྒྱལ་ཡོངས་སྲིད་གྲོས་ཀྱི་སྒྲིག་གཞི་བཅས་གཅིག་གྱུར་འཆར་འགོད་དང་།ཀྲུང་དབྱང་དང་ས་གནས་གཅིག་གྱུར་འཆར་འགོད། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་གཞི་བསྒྱུར་བཅོས་ཟབ་སྤེལ། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མགོ་ཁྲིད་བྱ་རྒྱུ་དེ་སྒྲིག་གཞི་འཛུགས་སྟངས་ཚན་རིག་དང་སྔར་ལས་མཐུན་པ་དང་། འགན་ནུས་བཀོད་སྒྲིག་ཐད་སྔར་ལས་ལེགས་པ། སྒྲིག་སྲོལ་དང་ལམ་སྲོལ་ཐད་སྔར་ལས་འཐུས་ཚང་། འཁོར་སྐྱོད་དོ་དམ་ཐད་སྔར་ལས་ཕན་ནུས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏང་དགོས།

     ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་གྲོས་མགོ་འདོན་མཁན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་འོས་སྦྱོར་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་མི་སྣའི་གྲོས་མགོ་འདོན་མཁན་ལ་གྲོས་བསྡུར་བྱས་པ་རེད།

     ཚོགས་འདུའི་ཐོག་གོང་གསལ་གྱི་ནང་དོན་དེ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གྲོས་དོན་ལ་འཇོག་རྒྱུའི་གཏན་འཁེལ་བྱས་པ་རེད།

     ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྩིས་ཡོད་པའི《སྲིད་གཞུང་གི་ལས་དོན་སྙན་སེང》གི་མ་ཟིན་ལ་གྲོས་བསྡུར་བྱས་པ་རེད། གྲོས་ཚོགས་ཀྱིས་ངོས་འཛིན་བྱས་དོན། འདས་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཏིང་བ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། རིམས་ནད་འགོག་ཟོན་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱ་དགོས་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་བཅས་བྱ་དགོས། འདས་ཟིན་པའི་ལོ5ནི་རྒྱུན་ལྡན་དང་སྤྱིར་བཏང་ཞིག་གཏན་ནས་མིན་པས། ང་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཕན་འབྲས་ཆེན་པོས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་པ། དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། དུས་བཀག་ལྟར་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པ་བཅས་རེད།

     གྲོས་ཚོགས་ཐོག་ནན་གསུང་གནང་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབ་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་ཏན་ཏིག་བྱས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་རྩ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱས། རིམས་ནད་འགོག་ཟོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱས། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་ཟབ་སྤེལ་བྱས། ཚོང་རའི་ཡིད་ཆེས་ཆེ་རུ་བཏང། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱས། བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ་ཡོང་བ། དངོས་ཟོག་གོང་བརྟན་པོ་ཡོང་བ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་པ་དང་། ཉེན་ཁ་ཆེ་རིགས་སྔོན་འགོག་ནུས་ལྡན་དང་འདུམ་སེལ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་རུ་ནུས་ལྡན་དང་ལུགས་མཐུན་ངང་འཕར་རྒྱུ་མངོན་འགྱུར་བྱེད་པ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཡག་པོ་བྱེད་ཆེད་གོམ་སྟབས་བརྟན་པོ་སྤོ་དགོས།

     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་པོ་ཡོང་བའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་སྲིད་ཇུས་སྣ་ཚོགས་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་པ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱ་དགོས། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་པ། དེང་རབས་ཅན་དུ་འགྱུར་བའི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་།“གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་པ། ཕྱི་ཕྱོགས་ཀྱི་མ་དངུལ་འགུགས་ཐབས་དང་བེད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་པ། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད། འཕེལ་རྒྱས་གཏོང་སྟངས་འབྱུང་འཕྲོད་ཅན་དུ་སྒྱུར་བར་སྐུལ་འདེད། གཞི་རྩའི་དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་འབད་བརྩོན་ཆེན་པོས་ལེགས་འགྲུབ་ཡོང་བར་བྱ་དགོས། སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏང་དགོས།

     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།



ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།