རང་རྒྱལ་གྱི་སླར་སྐྱེས་ནུས་རྒྱུ་གཞི་ཁྱོན་ཆེ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-02-14

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནུས་རྒྱུ་གསར་པར་སྐུལ་འདེད་དང་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་ཞེས་བསྟན་གནང་ཡོད། 2022ལོར། ནུས་རྒྱུའི་གསར་བརྗེར་སྐུལ་མ་གཏིང་ཟབ་ཐེབས་པ་དང་བསྟུན་ནས། རང་རྒྱལ་གྱི་སླར་སྐྱེས་ནུས་རྒྱུའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་ཡོད་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡོམས་འབོར་དེ་རྒྱལ་ཡོངས་ཀྱི་རྡོ་སོལ་དང་གློག་གི་སྒྲིག་སྦྱོར་འཕྲུལ་འཁོར་ལས་བརྒལ་ཏེ་གཞི་ཁྱོན་ཆེ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

   དཔྱིད་ཀྱི་དཔལ་ཡོན་བཞད་མ་ཐག། རྒྱལ་ཡོངས་ཀྱི་གློག་དྲ་ཆེན་མོའི་ཐོག་སླར་ཡང་ནུས་རྒྱུ་གཙང་མ་མི་ཉུང་བ་ཞིག་གསར་དུ་བསྣན་ཡོད། འབྲི་ཆུའི་ཐོག། པེ་ཧོ་ཐན་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན16ཚང་མ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཉིན་ལྟར་གློག་ཏུའུ་དུང་ཕྱུར1ལྷག་ཙམ་གཏོང་གི་ཡོད། མཚོ་བོད་ས་མཐོའི་ཐོག། གཏེར་ལེན་ཁ་རྒྱལ་ཁབ་རླུང་གློག་གི་འོད་ཧྥུ་རྟེན་གཞི་ཆེ་གྲས་ནང་སླར་ཡང་ཆན་ཝ་ཁྲི70ཟིན་པའི་འོད་ཧྥུ་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད་དྲ་བ་སྦྲེལ་ནས་གློག་གཏོང་གི་ཡོད། ཐེང་ཀེ་ལི་བྱེ་ཐང་གི་ཉེ་འགྲམ་དུ། ཐོན་སྐྱེད་བྱེད་འགོ་ཚུགས་མ་ཐག་པའི་རླུང་ཤུགས་གློག་ཁང་གི་འཕྲུལ་ཚན60རླུང་གི་འཁོར་ཕྱོགས་དང་བསྟུན་ནས་འཁོར་སྐྱོད་བྱེད་ཀྱི་ཡོད་པ་དང་། སྐོར་བ་རེ་བརྒྱབ་ཚེ་གློག་ཏུའུ480གཏོང་ཐུབ་ཀྱི་ཡོད་པ་རེད།

   2022ལོར། རྒྱལ་ཡོངས་ཀྱི་ཆུ་གློག་དང་། རླུང་གློག། འོད་ཧྥུའི་གློག་གཏོང་སོགས་སླར་སྐྱེས་ནུས་རྒྱུའི་འཕྲུལ་འཁོར་ལོར་གསར་དུ་སྒྲིག་སྦྱོར་བྱས་པ་དེས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་དང་། དེས་རྒྱལ་ཡོངས་ཀྱི་གསར་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱི76%བཟུང་ནས་རང་རྒྱལ་གྱི་གསར་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་མཁན་གཙོ་བོར་གྱུར་ཡོད། 2022ལོའི་ལོ་མཇུག་བར། རང་རྒྱལ་གྱི་སླར་སྐྱེས་ནུས་རྒྱུའི་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར12.13ཟིན་པ་དེས་རྒྱལ་ཡོངས་ཀྱི་རྡོ་སོལ་དང་གློག་གི་འཕྲུལ་ཆས་སྒྲིག་སྦྱོར་བྱས་པའི་གློག་གཏོང་ཚད་ལས་བརྒལ་ཡོད་པ་དང་།རྒྱལ་ཡོངས་ཀྱི་གློག་གཏོང་འཕྲུལ་ཆས་སྒྲིག་སྦྱོར་བྱས་ནས་གློག་གཏོང་ཚད་ཀྱི47.3%བཟུང་ཞིང་། ལོ་རེར་གློག་གཏོང་ཚད་ཏུའུ་དུང་ཕྱུར27000ལྷག་ཙམ་ཟིན་གྱི་ཡོད། དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི31.6%ཟིན་པ་དང་། དེ་ནི་ཡོ་རོབ་མནའ་འབྲེལ་གྱི2021ལོའི་ལོ་ཧྲིལ་པོའི་གློག་སྤྱོད་ཚད་དང་གཅིག་མཚུངས་ཡིན་པ་རེད།

   རང་རྒྱལ་གྱི་སླར་སྐྱེས་རུང་བའི་ནུས་ཁུངས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་བའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པར་ཐུག་ཡོད། 2014ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་ནུས་རྒྱུའི་ཉེན་མེད་འཐབ་ཇུས་གསར་པ་བཏོན་གནང་ནས་ནུས་རྒྱུའི་གསར་བརྗེར་སྐུ་ངོ་མས་མཛུབ་ཁྲིད་དང་སྐུལ་འདེད་བཏང་གནང་ཡོད། 2020ལོར་སླེབས་སྐབས། ཁོང་གིས་འཛམ་གླིང་ལ་ཀྲུང་གོའི“ཐཱན་གཉིས”དམིགས་ཚད་ཁྱབ་བསྒྲགས་གནང་བ་དང་། དེ་ནས་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཁོང་གིས་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་འཆར་འགོད་བྱས་ནས་འཛུགས་རྒྱུའི་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་རྒྱུ་ཉེན་མེད་མཁོ་སྤྲོད་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་གནང་བ་རེད།

   ད་ཆ། བྱེ་ཐང་ནས་སྔོ་ཞིང་དྭངས་བའི་རྒྱ་མཚོའི་བར་དང་། འཛམ་གླིང་ཡང་རྩེ་ནས་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་བར། སླར་སྐྱེས་ནུས་རྒྱུའི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་རེད། ཞང་ཅ་པ་དང་། ཞི་ལོ་ཏུའུ། ཝུའུ་ཏུང་ཏེ། པའེ་ཧོ་ཐན་སོགས་ཆུ་ཤུགས་གློག་ཁང་ཆེ་གྲས་སྔ་རྗེས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཀན་སུའུ་ཅིའུ་ཆོན་དང་། ཞིན་ཅང་ཧ་སྨི། ཧོ་པེ་ཀྲང་ཅ་ཁོའུ་སོགས་ཆན་ཝ་ཁྲི་སྟོང་རིམ་པའི་རླུང་ཤུགས་གློག་ཁང་ཆེ་གྲས་དང་འོད་ཧྥུའི་རྟེན་གཞི་ཁག་ཅིག་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།
   རང་རྒྱལ་གྱི་ཆུ་གློག་དང་། རླུང་གློག། འོད་ཧྤུའི་གློག་འདོན། སྐྱེ་དངོས་གློག་གཏོང་བཅས་ཀྱི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་པའི་གཞི་ཁྱོན་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་གནས་ཡོད། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་འོད་ཧྥུའི་ལྷུ་ལག་དང་། རླུང་ཤུགས་གློག་འདོན། སོ་ཅན་འཁོར་སྒམ་སོགས་འགག་རྩའི་ལྷུ་ལག་གིས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་གྱི70%བཟུང་ཡོད། 2022ལོར། གོ་ལ་ཧྲིལ་པོའི་སླར་སྐྱེས་ནུས་རྒྱུའི་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཉུང་གཏོང་ཁྲོད། ཀྲུང་གོས་བཟོས་པའི་སྒྲིག་ཆས་ཀྱིས་ལེགས་སྐྱེས་འབུལ་ཚད40%ལས་བརྒལ་ཡོད། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནང་ཧུར་ཐག་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད།

   མིག་སྔར། རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་སླར་སྐྱེས་ནུས་རྒྱུ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། བྱེ་ཐང་དང་མྱ་ངམ་ཐང་སོགས་གཙོ་གནད་དུ་བཟུང་སྟེ། རྨ་ཆུའི་སྟོད་རྒྱུད་དང་། རྨ་ནུབ་དོག་ལམ། རྨ་ཆུའི་ལམ་ཀྱོག། ཞིན་ཅང་སོགས་སྐམ་ས་བདུན་གྱི་ནུས་ཁུངས་གསར་པའི་རྟེན་གཞི་དང་། བོད་ལྗོངས་ཤར་ལྷོ་དང་སི་ཁྲོན་ཡུན་ནན་ཀུའེ་ཀྲོའུ་ཀོང་ཞི་བཅས་ཀྱི་ཆུ་བོ་གཉིས་ཀྱི་མཛེས་ལྗོངས་ཕྱོགས་བསྡུས་རྟེན་གཞི་དང་མཚོ་ཐོག་རླུང་གློག་རྟེན་གཞིའི་ཁྱུ་ཚོགས་གང་མགྱོགས་འཛུགས་བཞིན་ཡོད།
   རླུང་གློག་དེ་མཚོ་གཏིང་ཟབ་ཕྱོགས་སུ་སླེབས་ཐུབ་པ་བྱ་ཆེད། རང་རྒྱལ་གྱི་ཆུའི་གཏིང་ཚད་སྨི་བརྒྱ་ལས་བརྒལ་བ་དང་མཚོ་ངོགས་ནས་སྤྱི་ལེ་བརྒྱ་ལས་བརྒལ་བའི་འཕྱོ་གཡེང་རྣམ་པའི་རླུང་གློག་ལས་སྟེགས“མཚོ་སྣུམ་ལྟ་སྐོར་རྟགས་ཅན”ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ད་ལོའི་སྤྱི་ཟླ6པར་ཁྱོན་ཡོངས་ནས་གློག་གཏོང་རྩིས་ཡོད་པ་རེད།

   ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་བསྡུ་སྤྱོད་བྱ་ཆེད། ནང་སོག་ཝུའུ་ལན་ཁྲ་པུའི་སྲ་གཟུགས་ཀྱི་ལི་རྒྱུའི་གྱེས་རྡུལ་གློག་རྫས་དང་། ནཱ་རྒྱུའི་གྱེས་རྡུལ་གློག་སྨན། འཕུར་འཁོར་གསོག་འཇོག་ནུས་པ་སོགས་ནུས་རྒྱུའི་གསོག་འཇོག་ལག་རྩལ་གྱི་ར་སྤྲོད་སྟེགས་བུ་བདུན་མགྱོགས་མྱུར་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་པ་རེད།
   རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2025ལོར་སླེབས་སྐབས། རང་རྒྱལ་གྱི་རླུང་གློག་དང་ཉི་ནུས་གློག་གཏོང་ཚད2020ལོའི་རྨང་གཞིའི་ཐོག་ལྡབ་གཉིས་འཕར་རྒྱུ་དང་། སྤྱི་ཚོགས་ཧྲིལ་པོར་གསར་དུ་འཕར་བའི་གློག་སྤྱོད་ཚད་ནང་སླར་སྐྱེས་ནུས་རྒྱུའི་གློག་ཚད80%ལས་བརྒལ་རྒྱུ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་བོན་གྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་བྱས།
  • ལེ་ཚན་རྗེས་མ།:ཞིང་ལས་དང་ཞིང་སྡེ་པུའུ་ཡིས་དཔྱིད་དུས་སོ་ནམ་ཐོན་སྐྱེད་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་མུའུ་རེའི་ཐོན་ཚད་མཐོ་རུ་གཏང་དགོས་པར་བསྟན།
  • དོ་སྣང་ཆེ་བའི་རྩོམ།