ས་ཆ་མང་པོར་དུས་ཚོད་དམ་འཛིན་གྱིས་དཔྱིད་འདེབས་བྱེད་འགོ་ཚུགས།

        2023-02-07

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་འགྱུར་མེད་ཀྱི་བསླབ་གཞི་ཞིག་ཡིན་པས་དུས་ནམ་ཡིན་ཡང་དེ་ལྷོད་གཡེང་དུ་གཏོང་མི་རུང་ཞེས་བསྟན་གནང་ཡོད། ལོ་གཅིག་གི་འཆར་གཞི་དཔྱིད་ལ་ཐུག། མིག་སྔར་རྒྱལ་ཡོངས་སུ་དཔྱིད་འདེབས་དང་ཞིང་འདེབས་གྲ་སྒྲིག་ལྷོ་ནས་བྱང་བར་བསྟུད་མར་སྤེལ་འགོ་ཚུགས་པ་དང་། འབྲུ་རིགས་ཐོན་ཁུལ་ཁག་གིས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་རྒྱུ་འགན་ལེན་བྱ་རྒྱུ་དེ་དོན་དག་གལ་ཆེ་ཤོས་སུ་བརྩིས་ནས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བཞིན་ཡོད།

   དཔྱིད་ཚུགས་ཀྱི་དུས་སུ་ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་དང་། རྣམ་པ་ཡོང་རྫོགས་གསར་རྐྱང་དུ་གྱུར་ནས། འབྲུ་རིགས་ཐོན་ཁུལ་ཁག་དཔྱིད་འདེབས་ཀྱི་བྲེལ་འཚུབ་ཆེ་བའི་དུས་ཚིགས་སུ་སླེབས་ཡོད།

   སྣུམ་རྒྱུའི་ཐོན་ནུས་མཐོ་རུ་གཏོང་ཆེད། འདི་ལོ་ཀུའེ་ཀྲོའུ་ཞིང་ཆེན་གྱིས་དགུན་ཁའི་བེད་མེད་ས་ཞིང་གསར་སྦོལ་བྱེད་ཤུགས་ཆེ་རུ་བཏང་ནས་པད་ཁ་འདེབས་ཁྱོན་མུའུ་བརྒྱད་འབུམ་མང་དུ་བཏང་ཡོད།

   ཧྲན་ཏུང་ཝུའེ་ཧྥང་དུ་ཞིང་འཕྲུལ་ཐོན་སྐྱེད་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཆུ་ཚོད༢༤རིང་ཐོན་སྐྱེད་བྱེད་བཞིན་ཡོད། ཝུའེ་ཧྥང་གི་ཞིང་འཕྲུལ་ཐོན་སྐྱེད་ཁེ་ལས་ཤིག་གི་ཐོན་སྐྱེད་བརྒྱུད་རིམ་ནང་ཆ་སྙོམས་སྐར་མ་ལྔ་རེར་འདྲུད་འཐེན་འཕྲུལ་འཁོར་རེ་ཐོན་སྐྱེད་བྱེད་ཀྱི་ཡོད། སྔོན་དཔག་བྱས་ན་འདི་ལོར་ཞིང་འཕྲུལ་ས་ཡ་གཅིག་དང་དྲུག་འབུམ་དགུ་ཁྲི་ཧྲན་ཏུང་གི་དཔྱིད་འདེབས་ཐོན་སྐྱེད་ནང་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད།

   ཧེ་ལུང་ཅང་ཆིང་ཨན་དུ་ས་གནས་དེ་གས་མི་ཐེངས༨༠༠༠ལྷག་ཙམ་བཏང་སྟེ་གངས་གཙང་སེལ་དང་དྲོད་ཁང་རྒྱག་པ་བརྒྱུད་ཆུ་འབྲས་ལ་སྔ་ཙམ་འབྲས་ལྗང་གསོ་ཆེད་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་བྱེད་བཞིན་ཡོད།

   ལག་ལ་འབྲུ་རིགས་ཡོད་ན་སེམས་པ་འཚབ་མི་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཧོང་ཧོའེ་གྲོ་ཁུལ་ནས“ཐེན་ཧྥུ་འབྲུ་མཛོད”བར་དང་། “ནན་ཧྥན་ཀུའེ་ཀུའུ”ནས་བྱང་ཤར་གྱི་ས་ཞིང་ནག་པོའི་བར། སྤྱི་ཁྱབ་ཧྲུའུ་ཅིས་ཞིང་ནང་དུ་ཐེངས་མང་ཕེབས་ཏེ་སྐྱེ་དངོས་ཀྱི་སྐྱེ་ཚུལ་ལ་ལྟ་ཞིབ་གནང་ནས། ས་བོན་ཚན་ཞིབ་འགག་སྒྲོལ་དང་རྨོ་ཞིང་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་འགག་རྩ་ནི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་འགན་ལེན་བྱས་ནས་དགོས་མཁོ་ཡོད་དུས་ཐོན་སྐྱེད་དང་མཁོ་སྤྲོད་ཐུབ་པ་འགན་ལེན་བྱེད་དགོས་པ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།

   འདི་ལོ་རང་རྒྱལ་གྱིས་འབྲུ་རིགས་རྒྱ་ཁྱོན་མུའུ་དུང་ཕྱུར༡༧དང་བྱེ་བ༧ཡན་བརྟན་པོ་ཡོང་བ་དང་དེའི་ཁར་འཕར་རྒྱུ་བརྩོན་ལེན་བྱས་ཏེ་འབྲུ་རིགས་ཐོན་འབབ་མུ་མཐུད་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་དང་ཐོན་འཕར་མང་ཙམ་ཡོང་བའི་བརྩོན་ལེན་བྱ་རྒྱུ་རེད། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་དོན་འཁྱོལ་གཏིང་ཟབ་བྱས་ནས། འདེབས་དགོས་རིགས་འདེབས་པའི་ཁར། འབྲུ་རིགས་ཐོན་ཁུལ་མི་ཉུང་བ་ཞིག་གིས་ཀྱང་གོ་རིམ་ལྡན་པའི་ངང་ས་ཞིང་བ་ཚྭ་ཅན་སོགས་རྗེས་གྲབས་ཐོན་ཁུངས་གསར་སྤེལ་བྱས་ཏེ་འབྲུ་རིགས་ཐོན་ནུས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

   ཅི་ལིན་ཞིང་ཆེན་ཏ་ཨན་གྲོང་ཁྱེར་ལུང་ཀྲའོ་གྲོང་རྡལ་དུ་ཁང་པའི་ཕྱི་རོལ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་ལས་ཟིན་གྱི་མེད་ཀྱང་། ས་ཆ་བ་ཚྭ་ཅན་གྱི་ལེགས་སྒྱུར་རྣམ་གྲངས་ཁུལ་དུ་ལས་བྲེལ་ཤིན་ཏུ་ཆེ་བ་དང་འཕྲུལ་ཆས་ཆེ་གྲས་བཅུ་ལྷག་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད།

   ཀན་སུའུ་ཐན་ཧྲུའེ་རུ་དགུན་གྲོའི་སྔོ་ལོག་རྒྱག་པའི་འགག་རྩའི་དུས་སུ་སླེབས་པས། ས་གནས་དེ་གའི་ཞིང་ལས་སྡེ་ཚན་གྱིས་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་དུད་ཀྱི་བརླན་སྲུང་དང་ཡུར་མ་ཡུར་བའི་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད།

   འདི་ལོའི་དཔྱིད་འདེབས་ཀྱི་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱ་ཆེད། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་གྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་ལས་དོན་རུ་ཁག་བཙུགས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཞིང་ལས་རྒྱུ་ཆ་འཕྲལ་སྡོམ་མཁོ་སྤྲོད་འགན་ལེན་མ་ལག་ཧུར་ཐག་བསྐྲུན་ཡོད།

   ཞིང་ལས་གནས་ཚུལ་གསར་ཤོས་ལས་མངོན་པར། འདི་ལོ་རང་རྒྱལ་གྱི་དགུན་གྲོའི་རྒྱ་ཁྱོན་སྔོན་དཔག་བྱས་ན་མུའུ་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ཡན་ཟིན་རྒྱུ་དང་། མིག་སྔར་སྐྱེ་ཚུལ་ལོ་གོང་མ་ལས་ཡག་པ་ཡོད། དགུན་དུས་ཀྱི་པད་ཁའི་མྱུ་གུ་སྐྱེ་འཚར་རྒྱུན་གཏན་ལྟར་ཡིན་པ་དང་། དབྱར་དུས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཀྱི་རྨང་གཞི་ཅུང་ཡག་པོ་ཡོད།



ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

 རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:རྫོང་གཉིས་ཀྱིས་ལྒང་ཞུ་དུས་ཆེན་ལ་བྱེད་སྒོ་འདི་འདྲ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།